༢༠༡༤ ཟླ་ ༣ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱལ་ས་ལྡི་ལིའི་ཏཱཇ་གསོལ་མགྲོན་ཁང་དུ་དད་ལྡན་ཆོས་ཞུ་བ་གསུམ་བརྒྱ་བརྒལ་བར་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་ Trisamayavyuharaja སྩལ། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ཆོས་འབྲེལ་བྱ་རྒྱུ་ནི་སྔགས་ཀྱི་ཐེག་པ་ནང་གསུངས་པ་ཞིག་ཆགས་ཡོད།
ཐེག་ཆེན་དང་རྒྱུད་གཉིས་ལ་ཡུན་རིང་པོའི་ལོ་རྒྱུས་ཐོག་རྩོད་པ་ཡོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་པ་ལུང་རིག་གིས་བསྒྲུབ་པ་གནང་ཡོད་པ་མ་ཟད། བྱམས་པ་མགོན་པོ་དང་། སློབ་དཔོན་ལེགས་ལྡན་འབྱེད། ཕྱིས་སུ་ཞི་བ་ལྷ་སོགས་ཀྱིས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་པ་བསྒྲུབས་ཡོད། ཐེ་ཝན་དང་རྒྱ་ནག་ནང་དེང་སྐབས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་མིན་ལ་རྩོད་པ་བྱེད་མཁན་འགའ་ཤས་ཡོད། པཱ་ལིའི་གཞུང་གཙོ་བོར་འཛིན་མཁན་གྱི་ནང་པའི་རྒྱལ་ཁབ་ཁག་གཅིག་ནང་གནས་སྟངས་དེ་ལྟར་ཡོང་བཞིན་ཡོད། རྒྱ་ནག་དང་ཉི་ཧོང་། ཀོ་རི་ཡ། ཝི་ཏི་ནམ་སོགས་ཀྱི་ནང་བྱ་རྒྱུད་དང་སྤྱོད་རྒྱུད། རྣལ་འབྱོར་རྒྱུད་སོགས་ཉམས་བཞེས་གནང་བཞིན་ཡོད། བོད་དུ་འདུལ་བར་གཞི་བཅོལ་བའི་བྱང་སེམས་ཀྱི་སྤྱོད་པ་དེ་དག་རྒྱུད་སྡེ་ནས་གསུངས་པ་དང་མཐུན་པའི་ཐོག་ནས་ཉམས་བཞེས་གནང་བཞིན་ཡོད། ཅེས་སོགས་ཀྱི་ཆོས་འབྲེལ་སྩལ་རྗེས་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་སྩལ། གཞན་ཡང་ཉིན་དེའི་ཕྱེད་ཡོལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ལཱལ་བྷ་ཧཱ་དུར་ཤཱསྟྲི་མཆོག་གི་མཛད་རྣམ་ཞལ་ཕྱེ་མཛད་ཡོད།