༢༠༡༤ ཟླ་ ༣ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༣ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༣ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༢༥ སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་པ་ཞིབ་བ་ཆེ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས་མཆོག འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སྨན་རྩིས་ཁང་གི་འགན་འཛིན་གྱིས་གཙོས་ལས་བྱེད་དང་སློབ་མ་བཅས་མི་ ༢༠༠ བརྒལ་བ་ཚོགས་ཁང་ནང་ལྷན་འཛོམས་ཐོག་སྨན་རྩིས་ཁང་གི་འགན་འཛིན་བོད་དྲུང་སྒྲུབ་བརྒྱུད་ཉི་མ་ལགས་ནས་མཛད་རིམ་ངོ་སྤྲོད་ཀྱི་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས་གཡུ་ཐོག་གསོལ་འདེབས་གསུང་འདོན་དང་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་ཡོད།
དེ་ནས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ལས་བསྡོམས་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། བོད་རྒྱལ་ལོ་ ༢༠༤༡ ཕྱི་ཟླ་ ༣ ཚེས་ ༢༣ ཉིན་མོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་ ༥༣ འཁོར་བའི་དུས་དྲན་གྱི་མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་ཚེ་རིང་དབང་ཕྱུག་མཆོག་གིས་གཙོས་རྣམ་པ་ལྷན་རྒྱས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་ང་ཚོ་སྨན་རྩིས་ཁང་དུ་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༥ བར་ལས་བྱེད་དང་ལས་མི། སློབ་ཕྲུག་བཅས་ཀྱི་གྲངས་འབོར་ནི། སྨན་པ་ཕོ་མོ་ ༡༥༠ དང་། སྐར་རྩིས་པ་ཕོ་མོ་ ༢༡། འཛིན་སྐྱོང་ལས་བྱེད་ཕོ་མོ་ ༢༨༡། ལས་མི་ཕོ་མོ་ ༡༧༢། ཆོད་གན་སྨན་པ་ཕོ་ ༡། འཛིན་སྐྱོང་དུ་ཆོད་གན་ལས་བྱེད་ཕོ་ ༦། སྨན་སློབ་སྐབས་ ༡༧ དང་ ༡༨། ༡༩ གསུམ་ལ་སློབ་ཕྲུག་ཕོ་མོ་ ༨༧། སྐར་རྩིས་སྐབས་དགུ་པ་དང་བཅུ་པ་གཉིས་ལ་རྩིས་སློབ་ཕོ་མོ་ ༢༤ བཅས་ཁྱོན་བསྡོམས་མི་གྲངས་ ༧༤༢ ཡོད། དེ་བཞིན་སྨན་རྩིས་ཁང་ཐོག་མར་དགེ་རྩའི་ངོ་བོར་གསར་འཛུགས་གནང་སྟེ། བོད་ཀྱི་རིག་གཞུང་དང་ཤེས་རིག སྤྱི་ཚོགས་བདེ་རྩ་སོགས་ཀྱི་ཐོག་ཞབས་འདེགས་ཞུས་ཏེ་དགོས་ངེས་ཅན་ལ་སྨན་སྦྱིན་ཤུགས་ཆེར་གཏོང་བཞིན་ཡོད་པ་མ་ཟད། ད་དུང་སྨན་སྦྱིན་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པར་བརྟེན། སྨན་སྦྱིན་ཡོང་ཁུངས་ཐོག་སྔར་ལྷག་ཐབས་འཚོལ་བྱེད་དགོས་ཀྱི་ཡོད། དཔེར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡ ནས་ ༡༢ བར་གྱི་ལོ་གཅིག་རིང་སྨན་སྦྱིན་ཧིན་སྒོར་ས་ཡ་ ༢༢ ཙམ་བཏང་ཡོད། སྨན་སྦྱིན་གཏོང་ཡུལ་གཙོ་བོ་མི་མང་ཉམ་ཐག་དང་དགུང་ལོ་ ༦༥ ཡན་སོན་པའི་བགྲེས་སོང་། སྨན་རྩིས་ཁང་གི་ལས་བྱེད་དང་སྡོད་གཅིག་ནང་མི། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཚོར་སྨན་སྦྱིན་ཆ་ཚང་དང་། བོད་ནས་གསར་དུ་འབྱོར་མཁན་ཚོར་ཟླ་དྲུག་སྨན་སྦྱིན་ཆ་ཚང་གནང་གི་ཡོད། སློབ་ཕྲུག་དང་གྲྭ་བཙུན་རྣམ་པར་ཕྱེད་བཅག བར་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་བཀའ་ཆོས་སྩལ་ཡུལ་གང་དུ་ཡང་མི་འབོར་ལ་གཞིགས་ཏེ་སྨན་རྩིས་ཁང་གིས་སྨན་ཁང་འཕྲལ་འཛུགས་ཀྱིས་སྨན་སྦྱིན་གནང་གི་ཡོད།
ལྷག་པར་སྨན་རྩིས་ཁང་གི་ལས་དོན་གྱི་ངོ་བོའི་ཆ་ནས་རིག་གཞུང་དང་འཕྲོད་བསྟེན། ཤེས་རིག སྤྱི་ཚོགས་བདེ་རྩ་སོགས་ལ་ཞབས་འདེགས་ཞུ་དགོས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ནང་སྲིད། ཤེས་རིག འཕྲོད་བསྟེན་བཅས་ཀྱི་ལས་དོན་ཐོག་དུས་ནས་དུས་སུ་ཞལ་འདེབས་ཕུལ་ཏེ་ལོ་རེར་ཆ་སྙོམས་སྒོར་ས་ཡ་ ༦ ནས་ ༨ བར་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༣༠ དང་ ༢༠ ལོན་པ་རྣམས་ལ་གཟེངས་རྟགས་བྱ་དགའ་གཙོས་སྐབས་ ༡༢ སྨན་པ་དཀའ་བཅུ་པ་རྣམས་ལ་སྨན་རམས་པ་དང་། སྐབས་ ༡༦ པའི་སྨན་སློབ་རྣམས་ལ་སྨན་པ་དཀའ་བཅུ་པ། དེ་བཞིན་སྐབས་ ༨ པའི་རྩིས་སློབ་རྣམས་ལ་རྩིས་པ་དཀའ་བཅུ་པའི་ལག་འཁྱེར། ཕྱོགས་མཚུངས་སྨན་སློབ་སྐབས་ ༡༧།༡༨ རྩིས་སློབ་ ༩ པ་རྣམས་ཀྱི་ལོ་འཁོར་ཡིག་རྒྱུགས་རྩེར་སོན་པ་གསུམ་གྱིས་གཙོས་ལོ་རེའི་རྩེ་ཕུད་སློབ་མ་དང། སྤྱི་པའི་རྒན་བདག་བཅས་ལ་གཟེངས་བསྟོད་ཀྱི་བྱ་དགའ། ལྷག་པར་སྨན་རྩིས་ཁང་ནས་གསར་དུ་འདོན་སྤེལ་ཞུས་པའི་ཟླ་རེའི་ཚགས་པར་༼སྨན་རྩིས་ཟླ་གསར་༽དང་། སྨན་རྩིས་པ་བསོད་ནམས་རིན་ཆེན་ལགས་ཀྱིས་རྩོམ་སྒྲིག་གནང་བའི་༼བོད་རྩིས་རིག་པའི་རྣམ་བཤད་ཀུན་གསལ་ཡིད་ཀྱི་མེ་ལོང་།༽ སྨན་རྩིས་ཁང་གི་ཉམས་ཞིབ་༼སྡེ་ཚན་ནས་ནད་གཞི་ཁག་ལ་༼བོད་སྨན་གྱིས་ཕན་སྐྱེད་བྱུང་བའི་དཔྱད་ཁྲའི་སྙན་ཐོ་༽འདོན་ཐེངས་གཉིས་པ་བཅས་ཀྱི་དཔེ་དེབ་དབུ་འབྱེད་གནང་སྟེ་མཛད་སྒོར་གསུང་བཤད་གནང་།
དེ་ནས་སྨན་རྩིས་ཁང་གི་དྲུང་ཆེས་ཐུགས་རྗེ་ཆེ་ཞུས་ཏེ་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་ནས་མཛད་སྒོ་གྲོལ་ཡོད་པ་བཅས། །