༢༠༡༤ ཟླ་ ༣ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༡ ཉིན་ཕོར་ཅུན་ (Fortune magazine) ཞེས པའི་གྲགས་ཅན་དུས་དེབ་ཀྱིས་དྲ་རྒྱའི་སྟེང་གནས་ཚུལ་འཁོད་པའི་ནང་། འཛམ་གླིང་ནང་རླབས་ཆེན་གྱི་སྙན་གྲགས་ཆེ་ཤོས་ལྡན་པའི་མི་སྣ་གྲངས་ ༡༠ ཡི་མཚན་གཞུང་གསལ་བསྒྲགས་ཞུས་ཡོད་པའི་ཁོངས་སུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་རིམ་དགུ་པར་བདམས་ཐོན་བྱུང་བའི་གནས་ཚུལ་འཁོད་འདུག
དེ་ཡང་དུས་དེབ་ཚན་པས་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་ལ་ཞི་བདེ་དང་འཚེ་བ་མེད་པ། མང་གཙོ་འཕེལ་རྒྱས། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་ཐོག་སྐུ་ལས་འཛེམས་མེད་ཀྱིས་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལ་བརྟེན་ཐེངས་འདིའི་རླབས་ཆེན་གྱི་གྲགས་ཅན་སྣའི་མཚན་གཞུང་ནང་འདེམས་སྒྲུག་ཞུས་ཡོད། ཆོས་ལུགས་མཐུན་སྒྲིལ་ཆེད་ཡི་ཤུ་དང་ཇིའུ་སོགས་ཀྱིས་གཙོས་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་དང་མཇལ་འཕྲད་གྲངས་ལས་འདས་པ་མཛད་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུའི་གཟི་བརྗིད་འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་ཁྱབ་ཡོད། ཐེངས་འདིར་འཛམ་གླིང་ནང་རླབས་ཆེན་གྱི་སྙན་གྲགས་ལྡན་པའི་མི་སྣའི་མཚན་གཞུང་བཅུ་བཏོན་པའི་ཁོངས་སུ་ཆོས་ཕྱོགས་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་དང་ཡི་ཤུའི་བླ་ཆེན་པོབ་ཕ་རན་སི་སི་ Pope Francis མཆོག་རྣམ་གཉིས་ཀྱི་མཚན་གཞུང་ཡང་ཐོན་ཡོད་པའི་གནས་ཚུལ་ཐོན་འདུག