༢༠༠༩ ཕྱི་ཟླ་ ༩ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཤེལ་ལོངས་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བོད་གཞུང་མང་གཉིས་བཙན་བྱོལ་དུ་གྱར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དྲན་རྟེན་མཛད་སྒོ་ཞིག་བོད་དགོན་དགའ་ལྡན་ཆོས་གླིང་དུ་སྲུང་བརྩི་ཞུས་ཡོད། དེ་ཉིན་སེར་སྐྱ་མི་མང་རྣམས་ནས་རང་ལུས་ལ་གཟབ་མཆོར་ལེགས་པར་གྱོན་ཏེ་དགོན་པར་འདུ་འཛོམས་ཀྱིས་ལྷ་སྲུང་འཕྲིན་བསྐུལ་དང་བསངས་གསོལ་གནང་རྗེས་ས་གནས་འགོ་འཛིན་དང་མཁན་རིན་པོ་ཆེ།
དེ་བཞིན་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་ནས་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་སེར་སྦྲེངས་དང་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲི་རིན་པོ་ཆེར་གདན་འདྲེན་ཞུས་པ་དང་བསྟུན་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་རྗེས་རིམ་པས་དགེ་འདུན་རྣམ་པ་དང་། ལས་སྣེ། མི་མང་བཅས་ནས་མཇལ་བཅར་ཞུས། དེ་རྗེས་ས་གནས་འགོ་འཛིན་ནས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་སློབ་ཕྲུག་རྣམས་ནས་རོལ་དབྱངས་དང་བསྟུན་ཏེ་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ། སྐུ་མགྲོན་གཙོ་བོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ (Charles Pyngrope) མཆོག་ནས་སྣང་གསལ་ཞལ་ཕྱེ་དང་སྦྲགས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་པ་དང་ཆབས་ཅིག་ཚོགས་ཁང་གསར་པ་དབུ་འབྱེད་གནང་རྗེས་གཏམ་བཤད་གནང་བའི་ནང་འཁོད་དོན། བོད་མིའི་ཆོས་དང་། རིག་གཞུང་། གོམས་གཤིས་བཟང་པོར་བསྔགས་བརྗོད་དང་འབྱུང་འགྱུར་མཐུན་འགྱུར་རོགས་རམ་གང་འོས་གནང་རྒྱུ་ཡིན་སྐོར་གསུངས་གྲུབ་མཚམས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བློ་བཟང་ཆོས་འཕེལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་ཡོད་པ་རེད། ཉིན་རྒྱབ་ Governor Meghalaya,Chief Minister,Deputy Speaker,Urban Minister,Education Minister,D.C,S.P དང་། མངའ་སྡེའི་སྲིད་སྐྱོང་དང་། མངའ་སྡེའི་བློན་ཆེན། གྲོས་ཚོགས་ཀྱི་ཚོགས་གཞོན། ཤེས་རིག་བློན་ཆེན་སོགས་དང་། དེ་མཚུངས་བོད་དོན་རྒྱབསྐྱོར་གནང་མཁན་ཁྱོན་གནད་ཡོད་མི་སྣ་ ༡༦ ལ་བོད་མི་བཙན་བྱོལ་དུ་གྱར་ནས་ལོ་ངོ་ལྔ་བཅུའི་དྲན་རྟེན་ཕྱག་རྟགས་དང་མངར་ཟས། དེ་བཞིན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། ༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ཚོགས་འདུ་རྒྱས་འཛོམས་ཐོག་སྩལ་བའི་སྦར་སིལ་གསུང་བཤད་དེབ་གཟུགས་བཟོས་ཏེ་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།