༢༠༠༩ ཕྱི་ཟླ་ ༩ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་གོ་སྒྲིག་ཞུས་ཐོག་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢ ཉིན་རྒྱབ་ཆུ་ཚོད་ ༤ པར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག དེ་བཞིན་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཞབས་སྟེགས་སུ་བཞུགས་རྗེས་གྲོས་ཚོགས་གོང་མའི་འཐུས་མི་གསུམ་ནས་རིམ་བཞིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེ་འབྲེལ་མཐུད་པ་སྐུ་ཞབས་སྦ་ཞི་དབང་པོ་ལགས་ནས་སྐད་སྒྱུར་གནང་ཡོད།
དེ་ཡང་ སྐུ་ཞབས་ཇིན་ཕ་རན་ཀོསི་ཧམ་བར་ལགས་ནས་གསུང་གསལ ང་ཚོའི་ཕ་རན་སི་གཞུང་འདི་མང་གཙོ་ཡིན་སྟབས་དུས་རྒྱུན་གྲོས་ཚོགས་ཚོགས་འདུའི་སྐབས་གནད་དོན་མང་པོའི་ཐད་གཡས་ཕྱོགས་དང་། གཡོན་ཕྱོགས་ཀྱི་ཚོགས་པ་གཉིས་དབར་མི་མཐུན་པའི་འགལ་ཟླའི་བསམ་ཚུལ་མང་པོ་ཡོང་གི་ཡོད་ཀྱང་བོད་དོན་གྱི་གནས་ཚུལ་ཐོག་ང་ཚོ་བོད་མིར་ཤ་ཚ་ཡོད་པའི་སྒོ་ནས་ཁ་གཅིག་གྲགས་ཀྱི་རྒྱབ་སྐྱོར་བྱེད་བཞིན་ཡོད། གང་ཡིན་ཟེར་ན་བོད་ཀྱི་གནས་ཚུལ་དེ་དྲང་བདེན་དང་འཚེ་བ་མེད་པར་གཞི་བཅོལ་བ་ཞིག་ཡིན་སྟབས་ང་ཚོས་དོ་སྣང་མ་བྱེད་པ་དང་སྣང་ཆུང་བྱ་ཐབས་མེད་ཅེས་དང་། ལྷག་པར་ཁོང་ནས་གསུང་དོན། ༸གོང་ས་མཆོག་ནས་རྒྱ་བོད་གཉིས་སྨན་གྱི་ཐོག་ནས་རང་སྲིད་རང་སྐྱོང་ཡོང་བ་བྱེད་རྒྱུ་དེ་གོམ་པ་དང་པོ་རེད་འདུག་ན་རྒྱ་གཞུང་ནས་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞེས་ཡོངས་གྲགས་ཤོད་བཞིན་ཡོད་པ་དེ་བོད་མི་ཚོར་ལག་ལེན་བསྟར་ཐུབ་ན་ཡག་པོ་ཡོད་པས་ང་ཚོས་རེ་བ་རྒྱག་རྒྱུ་དེ་ཡིན། རྒྱ་གཞུང་ནས་བོད་མིར་ཉུང་མཐར་ཐོབ་ཐང་ཡོད་པ་དེ་མ་སྤྲད་པ་ནི་ཐབས་སྡུག་རེད་ཅེས་བརྗོད་ཡོད། ཡང་ཁོང་ནས་བརྗོད་དོན། བོད་དེ་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་མིན་པ་འཛམ་གླིང་ནང་གི་དཀའ་རྙོག་ཅན་གྱི་གནས་ཚུལ་རེའུ་མིག་ནང་ཚུད་ཡོད་ཅེས་གསུངས།
དེ་ནས་སྐུ་ཞབས་ནས་བརྗོད་གསལ། ང་ཚོ་ད་རེས་འདིར་ཡོང་བ་དེ་ཕ་རན་སི་གཞུང་གི་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་ཡིན། བཙན་བྱོལ་བོད་གཞུང་ནས་རྒྱ་བོད་གཉིས་སྨན་གྱི་དགོངས་བཞེས་གནང་བཞིན་ཡོད་པ་དེ་བཞིན་ང་ཚོས་ཀྱང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་སྐབས་རྒྱ་མིར་གནོད་རྒྱུ་དང་ཕམ་པ་བྱ་རྒྱུའི་ལས་དོན་གང་ཡང་བྱེད་ཀྱི་མེད། རྒྱ་ནག་གི་འགོ་ཁྲིད་ཚོས་འཛམ་གླིང་ནང་བོད་དོན་ལ་རྒྱབ་སྐྱོར་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དཔེེར་ན། ཨོ་ལེམ་པིཀ་སྐབས་འཛམ་གླིང་ས་ཕྱོགས་འདྲ་མིན་དང་། དེ་བཞིན་ཕ་རན་སིའི་ནང་བོད་དོན་རྒྱབ་སྐྱོར་བ་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ནས་ར་འཕྲོད་གསལ་པོ་བྱུང་ཡོད་པས་བོད་དོན་གནས་ཚུལ་དེ་གཡོལ་ཐབས་བྱེད་མི་ཐུབ་པ་ཞིག་ཡིན་པ་ད་གཟོད་ཧ་གོ་དགོས་ཚོད་རེད། ཕྱི་ལོ་ ༢༠༡༠ ནང་ཧྲང་ཧའི་ཡུ་ནི་ཝར་སལ་ཨེ་སི་པོ་སི་ཤེན (Shanghai Universal Exposition) ཞེས་པའི་སྐབས་ལ་ཡང་འཛམ་གླིང་ས་ཆ་གང་སར་དེ་མཚུངས་ཀྱི་རྒྱ་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་བྱུང་མེད་པའི་ངོ་རྒོལ་རྔམ་སྟོན་གྱི་རྣམ་པ་གསལ་ཡོང་གི་ཡོད་པ་ཧ་ ལམ་ཐག་ཆོད་པ་རེད་ཅེས་གསུངས།
དེ་བཞིན་ལྕམ་ཇེ་ཁུ་ཡེ་ལ་ཡེན་པེ་ནི་སི་མཆོག་ནས་གསུང་དོན། ད་རེས་ང་རང་འདིར་ཐེངས་དང་པོ་ཡོང་བ་ཡིན། ཐེ་ཝན་དང་རྒྱ་ནག་དབར་ད་ལྟ་འབྲེལ་ལམ་སྒོ་མོ་འབྱེད་བཞིན་ཡོད་པ་དེ་ནི་ཡག་པོ་རེད། དེ་བཞིན་རྒྱ་བོད་དབར་མ་འོངས་པར་འབྲེལ་ལམ་བྱེད་རྒྱུའི་རེ་བ་ཆེན་པོ་ཡོད། གང་ཡིན་ཟེར་ན། ལོ་མང་རིང་བོད་མི་བཙན་བྱོལ་བ་རྣམས་ནས་དཀའ་ལས་བརྒྱབ་པར་བརྟེན་ད་ལྟ་བཙན་བྱོལ་གྱི་སྒྲིག་འཛུགས་སྲ་བརྟན་ཧྲ་ཏག་ཏག་ཡོད་པ་མཐོང་དུས་རེ་བ་དང་བསྔགས་བརྗོད་ཞུ་འོས་པ་ཞིག་འདུག སྤྱིར་ང་ཚོའི་ལུང་པའི་ནང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་ཚོགས་པ་ཁག་མང་དག་ཅིག་ཡོད། ང་རང་ཕྱིར་ལོག་ནས་བོད་དོན་སྐོར་དེ་བས་དྲིལ་བསྒྲགས་ཤུགས་ཆེ་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཅེས་གསུངས་བ་དང་ཆབས་ཅིག་ད་ཐེངས་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་གཅིག་འདི་གར་ཕེབས་པ་མ་ཟད་ཕྱི་ལོ་ ༢༠༡༡ ལོར་གྲོས་ཚོགས་འོག་མའི་འཐུས་མི་ཡང་ཕེབས་འཆར་ཡོད་སྐོར་གྱི་འགྲེལ་བརྗོད་གནང་ཡོད།
གོང་སོང་ཁོང་རྣམས་ཁག་གཅིག་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་རྡ་སར་ཕེབས་ནས་གཙུག་ལག་ཁང་དང་། བོད་ཁྱིམ་སློབ་གྲྭ། བོད་གཞུང་སྣེ་ལེན་ཁང་། ཤེས་རབ་དགའ་ཚལ་སློབ་གླིང་། དེ་བཞིན་ནོར་བུ་གླིང་སོོགས་ལ་གཟིགས་སྐོར་གནང་ཡོད་པ་མ་ཟད་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཀྱང་གནང་ཡོད། ལྷག་པར་དེ་རིང་སྔ་དྲོ་ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་རྒྱལ་ཡོངས་མང་གཙོའི་དུས་དྲན་ཐེངས་ ༤༩ པའི་མཛད་སྒོར་མཉམ་ཞུགས་གནང་བ་དང་སྦྲག་སྐུ་ཞབས་ཇིན་ཕ་རན་ཀོསི་ཧམ་བར་ལགས་ནས་གསུང་བཤད་ཀྱང་གནང་ཡོད། ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཕྱི་ཚེས་ ༤ ཉིན་བཞུགས་སྒར་ནས་ཕྱིར་ཕེབས་ཀྱིས་ཚེས་ ༥ སྔ་དྲོ་ལྡི་ལིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་རྒྱུ་ཡིན་པ་རེད་འདུག ཁོང་རྣམས་ད་ཐེངས་གྲོས་ཚོགས་གོང་མའི་དགོངས་འཁྲོལ་དང་ཆོག་མཆན་འོག་འདི་ག་བཙན་བྱོལ་བོད་མིའི་བསྟི་གནས་ཆེད་ཕེབས་གནང་བ་བཅས་ཀྱི་གནས་བསྡུས་ས