༢༠༡༤ ཟླ་ ༣ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ཡི་ནར་ John Boehner མཆོག་དང་ལྕམ་སྐུ་ནན་སི་པི་ལོ་སི་ Nancy Pelosi མཆོག དེ་བཞིན་གྲོས་ཚོགས་གོང་མའི་དབུ་ཁྲིད་ཨེ་རིག་ཀེན་ཊོར་ Eric Cantor མཆོག་དང་སི་ཊེ་ནི་ཧོ་ཡར་ Steny Hoyer མཆོག་བཅས་དུས་ཡུན་སྐར་མ་བཞི་བཅུ་ལྷག་ཙམ་རིང་མཇལ་མོལ་མཛད་ཡོད། དེ་ཡང་མཇལ་མོལ་དེའི་སྐོར་ལ་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གི་དྲ་རྒྱའི་ཐོག་གནས་ཚུལ་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རིའི་གྲོས་ཚོགས་བསྟི་གནས་ཁང་ཀེ་པི་ཊོལ་ཧིལ་དུ་གདན་ཞུ་ཐུབ་པར་ང་རང་ཧ་ཅང་དགའ་འཚོར་ཆེན་པོ་བྱུང་། ཁོང་གིས་ཆོས་དད་རང་དབང་ཆེད་འཐབ་རྩོད་མཛད་བཞིན་པའི་མཛད་རྗེས་དང་། ཆོས་ལུགས་འདྲ་མིན་དབར་བཟོས་བསྲན་བསྟེན་དགོས་པའི་ཐུགས་བརྩོན་མཛད་བཞིན་པ་དེས་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཞུང་འཛིན་དང་འགལ་ཟླ་ཚོགས་པ་གཉིས་ཀས་མཉམ་རུབ་ཐོག་རྒྱབ་སྐྱོར་ཞུ་བཞིན་ཡོད། དེར་བརྟེན་དེ་རིང་སླར་ཡང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་བཀའ་མོལ་ཞུས་པ་བརྒྱུད་ཁོང་ལ་ང་ཚོས་རྒྱབ་སྐྱོར་གྱི་རྣམ་པ་བཏོན་ཐུབ་པ་དེར་ང་ཚོར་ཧ་ཅང་དགའ་ཚོར་ཡོང་བཞིན་འདུག ཅེས་འཁོད་ཡོད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༤༠༠ ཙམ་ལ་བཀའ་སློབ་སྩོལ་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་མཉམ་བཞུགས་གནང་ཡོད། སྐབས་དེར་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ Nancy Pelosi མཆོག་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེ་ཀེན་ John McCain མཆོག་གིས་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ངོ་སྤྲོད་ཞུས་ཡོད། སྐབས་དེར་གྲོས་ཚོགས་འོག་མ་ནས་འཐུས་མི་ ༢༥ ཆེད་ཕེབས་གནང་ཡོད།
ཕྱེད་ཡོལ་དུ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་གོ་སྒྲིག་འོག་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ཏེ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་ཀྱི་རིག་གཞུང་གོང་སྤེལ་གཏོང་གནང་མཛད་རྒྱུ་སོགས་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་ལ་བཀའ་སློབ་སྩལ། སྐབས་དེར་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷར་ཊི་མི་ནན་ཌེ་ཛི་ Robert Menendez མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷོབ་ཀོར་ཀར་ Bob Corker མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷེན་ཇ་མིན་ཀར་ཌིན་ Benjamin Cardin མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇི་ནི་ཤ་ཧིན་Jeanne Shaheen མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཁི་རི་སི་ཊོ་ཕར་ཀུན་སི་ Christopher Coons མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོམ་ཨུ་ཌལ་ Tom Udall མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊིམ་ཀེ་ནི་Tim Kaine མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ Marco Rubio མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེ་ཀེན་John McCain མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་བྷ་ར་སོ་ John Barrassoམཆོག་བཅས་ཆེད་ཕེབས་གནང་ཡོད།
གཞན་ཡང་བཀའ་སློབ་གྲུབ་བསྟུན་ཚོགས་ཆུང་གིས་ཞལ་གཅིག་གྲགས་ཐོག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་སེམས་ཚབ་ཧ་ཅང་ཡོད་པ་ཟད། བོད་ཀྱི་གནད་དོན་སེལ་ཆེད་རྒྱབ་སྐྱོར་གང་ཡོད་ཞུ་རྒྱུའི་ཁས་ལེན་ཡང་ཞུས་ཡོད། ཕྱོགས་མཚུངས་སྐབས་དེར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོམ་ཨུ་ཌལ་ Tom Udall མཆོག་གིས་བོད་ནང་དུ་རྒྱ་མི་རིགས་ཧ་ཅང་ཕོན་ཆེ་གནས་སྤོ་བྱས་དང་བྱེད་མུས་ཡིན་པ་དེར་སེམས་ཚབ་ཧ་ཅང་ཡོད་སྐོར་དང་དེས་ཤུགས་རྐྱེན་ཚབས་ཆེ་ཕོག་རྒྱུ་ཡིན་སྐོར་སོགས་སྙན་སེང་ཞུས། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་ཞུས་པ་མ་ཟད། སྲིད་བྱུས་དེ་བརྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་ཀྱི་གནད་དོན་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་བྱེད་བཞིན་ཡོད་པ་ལས་བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་དང་ད་ལྟའི་བོད་ནང་དུ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་གཉིས་ཀར་ངོས་འཛིན་བྱེད་ཀྱི་མེད་སྐོར་ངོ་སྤྲོད་ཞུས།
ཕྱི་ཚེས་ ༥ ཉིན་ཨ་རིའི་རྒྱལ་ཡོངས་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་ National Endowment for Democracy གིས་མགྲོན་འབོད་ལྟར་ཕེབས་ཏེ་ཚོགས་བཅར་བ་མི་གྲངས་ ༩༠ ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་དཀའ་ངལ་དང་གོ་སྐབས་ཇི་ཡོད་སྐོར་གསུང་བཤད་གནང་སྟེ་དེ་ཉིན་ཕྱེད་ཡོལ་དུ་སྲིད་སྐྱོང་མཆོག་དང་སྒེར་དྲུང་འཇིག་མེད་རྣམ་རྒྱལ་ལགས་བཅས་རྒྱ་གར་དུ་ཕྱིར་ཕེབས་གནང་ཡོད།།