༢༠༠༩ ཕྱི་ཟླ་ ༩ ཚེས་ ༡ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཆིབས་སྒྱུར་གྱིས་དགོང་དྲོ་ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་ཏའོ་ཡུན་རྒྱལ་སྤྱིའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཀའོ་ཤུང་གྲོང་ཁྱེར་སྤྱི་ཁྱབ་མ་ལྕམ་སྐུ་ཆན་ཆུ་དབུས་ཆེས་མཐོའི་མི་སྣ་ཁག་དང་། དེ་བཞིན་དེར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ལག་ཏུ་བོད་ཀྱི་རྒྱལ་དར་དང་དཀར་གཙང་གི་མཇལ་དར་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ༸གོང་ས་མཆོག་གནམ་ཐང་དུ་༸ཞབས་སོར་འཁོད་མ་ཐག་གསར་འགོད་པ་ཁག་གཅིག་ལ་མགོན་པོ་གང་ཉིད་ད་རེས་མཚོ་གླིང་དེའི་ནང་ཆིབས་སྒྱུར་བསྐྱངས་པ་དེ་ནི་འགྲོ་བ་མིའི་ཞབས་འདེགས་ཞུ་ཆེད་ལས་དེར་ཆབ་སྲིད་ཀྱི་དམིགས་ཡུལ་གང་ཡང་མེད་སྐོར་བཀའ་སྩལ་ཡོད་པ་མ་ཟད།
ཐེ་ཝན་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཁག་བདུན་གྱི་སྤྱི་ཁྱབ་རྣམས་ནས་གདན་ཞུའི་གསོལ་འདེབས་ཞུས་པ་དེར་ཞལ་བཞེས་སྩལ་རྒྱུ་དེ་ནི་མགོན་པོ་གང་ཉིད་ལ་འཁྲི་པའི་བཟང་པོའི་འོས་འགན་ཞིག་ཡིན་པའི་བཀའ་ཡང་སྩལ་ཡོད། ཨེ་པི་གསར་ཁང་ནས་གནས་ཚུལ་སྤེལ་བའི་ནང་འཁོད་དོན། ༸གོང་ས་མཆོག་ད་རེས་ཐེ་ཝན་དུ་ཆིབས་སྒྱུར་གྱིས་མཛད་འཆར་ཐོག་མར་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཚབས་ཆེ་ཕོག་ཡུལ་ཀའོ་ཤུང་རྫོང་གི་ཤའོ་ལིན་གྲོང་གསེབ་ནང་ཆིབས་སྒྱུར་བཀའ་དྲིན་དང་འབྲེལ་འབྱུང་བའི་གནོད་འཚེ་འོག་གྲོང་གསེབ་དེ་ནས་མི་ལྔ་བརྒྱ་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཆེད་ཐུགས་སྨོན་སྩལ་ཡོད་པ་མ་ཟད། རྗེས་ཤུལ་དུ་ལུས་པའི་ནང་མི་ཁག་གཅིག་ལ་ཐུགས་བརྩེ་བ་ཆེན་པོས་སེམས་གསོ་མཛད་ཡོད། དེ་དང་ཕྱོགས་མཚུངས་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་རང་བྱུང་གིས་གནོད་འཚེ་ཕོག་ཡུལ་གྱི་པིང་ཏུང་རྫོང་གི་ཇ་སྡོང་ཞེས་པའི་གྲོང་གསེབ་གཅིག་ལ་ཡང་ཆིབས་སྒྱུར་བསྐྱངས་ཏེ་ཐུགས་སྨོན་བཀའ་དྲིན་སྩལ་ཡོད། སྐབས་དེ་ལ་ཁུལ་དེར་ཆར་ཤུགས་དྲག་པོ་ཞིག་བབས་མིན་ལ་མ་ལྟོས་པར་ས་གནས་མི་མང་དང་གསར་འགོད་པ་མང་དག་ཅིག་འཚང་ཁ་ཤིག་ཤིག་ངང་མགོན་པོ་གང་ཉིད་མཆོག་གི་མཇལ་ཁར་བཅར་ཡོད་པ་རེད།
ཤའོ་ལིན་གྲོང་གསེབ་ནང་ཆིབས་སྒྱུར་སྐྱོང་སྐབས་མགོན་པོ་གང་ཉིད་མཆོག་ནས་གསར་འགོད་པ་རྣམས་ལ། ད་རེས་ཐེ་ཝན་ནང་ཆིབས་སྒྱུར་དེར་ཆབ་སྲིད་ཀྱི་དམིགས་ཡུལ་གང་ཡང་མེད་སྟབས་ཐེ་ཝན་གྱི་སྲིད་འཛིན་མ་ཡེང་ཇུ་ནས་མགོན་པོ་གང་ཉིད་མཆོག་དང་མཇལ་འཕྲད་གནང་རྒྱུ་མིན་སྐོར་གསུངས་པ་དེར་ཐུགས་བློ་ཕམ་པ་སོགས་གང་ཡང་བྱུང་མེད་པའི་བཀའ་སྩལ་བ་དང་སྦྲགས་ལར་ནས་ཐེ་ཝན་དང་རྒྱ་ནག་སྐམ་ས་གཉིས་དབར་འབྲེལ་ལམ་དམ་ཟབ་འཛིན་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་རུང་དེ་དང་ཆབས་ཅིག་ཐེ་ཝན་ངོས་ནས་རང་ཉིད་ཀྱི་མང་གཙོ་དང་བདེ་སྐྱིད་ལ་གཅེས་སྐྱོང་ཐུབ་པ་དགོས་རྒྱུའི་སྐོར་ལ་བཀའ་སློབ་སྩལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།