༢༠༡༤ ཟླ་ ༣ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་བེལ་ཞི་བདེའི་ལྷན་ཚོགས་ཐེངས་ ༢༦ པའི་ཚོགས་མགོན་དུ་དབུ་བཞུགས་དང་བཀའ་སློབ་སྩལ་ཡོད། དེ་ཡང་ནོ་བེལ་ཞི་བདེའི་ལྷན་ཚོགས་ཐེངས་ ༢༦ པ་དེ་བཞིན་མི་ནི་སོ་ཊའི་གྲོང་ཁྱེར་ཨ་གྷི་སི་ཌ་མཐོ་སློབ་དང་མི་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་ཐོག་གྲོང་ཁྱེར་དེའི་ཁོན་ཝན་ཤོན་ཚོགས་ཁང་Minneapolis Convention Center ནང་ཚོགས་ཡོད། ལྷན་ཚོགས་དེ་བཞིན་ཉིན་བཞིའི་རིང་ཚོགས་ཡོད་ཅིང་། ཉིན་དང་པོའི་སྐུ་མགྲོན་གཙོ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་མི་མང་གྲངས་ ༣༤༠༠ བརྒལ་བ་ལྷན་འཛོམས་བྱུང་བའི་དབུས་སུ་༸ཞབས་སོར་འཁོད་སྐབས་མང་ཚོགས་ཡོངས་ནས་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། འགྲོ་བ་མིར་བྱམས་བརྩེ་དགོས་རྒྱུ་དེ་གལ་ཆེ་ཡིན་པའི་སྐོར་དང་། བདག་དང་གཞན་བར་དབྱེ་འབྱེད་བྱེད་རྒྱུ་དེ་ཤུགས་ཆེ་དྲགས་ན་ལས་སླ་པོའི་ཐོག་ནས་ཕན་ཚུན་མགོ་སྐོར་དང་། གཉའ་གནོན་གཏོང་རྒྱུ། དེ་མིན་གཞན་གྱི་སྲོག་གཅོད་རྒྱུ་སོགས་ལ་ཕལ་ཆེར་འཛེམས་ཟོན་མེད་ཆགས་སྲིད་ཀྱི་རེད། ད་ལྟ་འཚོ་ཞིང་གནས་པའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པར་སོང་། གལ་ཏེ་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་དང་བཀྲ་ཤིས་པ་ཞིག་བྱུང་བ་ཡིན་ན་དེ་ནི་འགྲོ་བ་མི་ཚང་མའི་ཁེ་ཕན་ཆགས་ཀྱི་ཡོད། ང་ཚོ་ཚང་མར་འགྲོ་བ་མིའི་ཐོབ་ཐང་གཅིག་མཚུངས་དགོས་ཀྱི་ཡོད། གང་ལགས་བརྗོད་ན་ང་ཚོ་ཚང་མར་བདེ་སྐྱིད་འདོད་ཀྱི་ཡོད། དེར་བརྟེན་ང་ཚོས་ཐོབ་ཐང་དེ་རྣམས་སྲུང་བརྩི་བྱེད་དགོས།
གཙོ་ཆེ་ཤོས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཡ་རབས་ཀུན་སྤྱོད་ཀྱི་སློབ་སྦྱོང་སྤྲོད་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་ཟད། ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་འགྲོ་བ་མིའི་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་དེ་གལ་ཆེ་ཡིན་པ་སོགས་ཁྱོན་སྐར་མ་ ༤༠ ལྷག་ཙམ་བཀའ་སློབ་ཟབ་མོ་སྩལ་གྲུབ་རྗེས་དྲ་ལམ་བརྒྱུད་ནས་འཛམ་གླིང་ས་གནས་གང་ས་ནས་དྲི་བ་འབུལ་རྒྱུའི་གོ་སྐབས་སྩལ་བར་དྲི་བ་འབུལ་མཁན་ཚང་ཁ་ཤིག་ཤིག་བྱུང་ཡོད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་ཕེབས་ཡོད་པའི་ནང་། གནས་སྟངས་ག་འདྲ་ཞིག་ཡིན་རུང་རེ་བ་བཟང་ས་ནས་རྒྱག་དགོས་སྐོར་དང་། དེ་བཞིན་རང་ཉིད་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་གཙོ་བོ་གཞན་ཕན་གྱི་བསམ་བློ་གཏོང་དགོས་པ་རེད། ཅེས་སོགས་ཀྱི་བཀའ་ལན་ཕེབས་ཡོད་པར་མི་མང་རྣམས་ནས་དགའ་དད་སྤྲོ་གསུམ་གྱི་དགའ་བསུ་དང་འདོད་བློ་ཡོངས་སུ་ཚིམ་པ་བྱུང་བའི་རྣམ་པ་གསལ་པོ་ཐོན་པ་བྱུང་བ་བཅས།།