༢༠༡༤ ཟླ་ ༣ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མི་ནི་སོ་ཊ་ Minnesota མངའ་སྡེའི་རྒྱལ་ས་མི་ནེ་པོ་ལི་སིའི་ Minneapolis ནང་ཨ་རིའི་བོད་རིགས་སློབ་ཕྲུག་ཚོགས་པས་ Tibetan American Students Association གོ་སྒྲིག་འོག་རྒྱ་རིགས་ཉིས་བརྒྱ་ལྷག་ལ་བཀའ་སློབ་སྩལ་ཡོད། སྐབས་དེར་མཐོ་སློབ་ཁག་མི་འདྲ་བ་ ༡༣ ཙམ་ནས་རྒྱ་རིགས་གཙོ་བོར་གྱུར་བའི་སློབ་ཕྲུག་གྲངས་ ༣༣༠ ཙམ་ཡོད་ཁོངས་ནས་བོད་རིགས་སློབ་མ་གྲངས་ ༥༠ ཙམ་ཡོད་འདུག སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དུས་རྟག་ཏུ་འགྲོ་བ་མི་ཞིག་ཡིན་བསམ་པ་དྲན་བཞིན་ཡོད། གལ་ཏེ་ང་ཚོས་རང་ཉིད་འགྲོ་བ་མི་རིགས་གཞན་དང་གཅིག་མཚུངས་ཡིན་བསམ་པའི་འདུ་ཤེས་འཛིན་མ་ཐུབ་ཚེ་ང་ཚོ་དང་ཁོ་ཚོ་ཞེས་པའི་གུ་དོག་པོའི་བསམ་བློའི་དབང་གིས་ཕུགས་རྒྱང་རིང་པོའི་བསམ་བློ་འཁོར་ཐུབ་ཀྱི་མེད། དེ་ལྟར་བསམ་བློ་རྒྱ་ཆེ་ས་ནས་འཁོར་མ་ཐུབ་པར་བརྟེན་རྙོག་གྲའི་རྐྱེན་ཡོང་བཞིན་ཡོད། འགྲོ་བ་མིས་བཟོས་པའི་དཀའ་ངལ་རྣམས་མིས་ཐབས་ལམ་འཚོལ་ནས་སེལ་དགོས་པ་ཆགས་ཡོད། དེར་བརྟེན་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་ན་རང་གཞན་གཉིས་སྨན་ཞིག་ཡོང་རྒྱུ་ཡིན།
ཞེས་བཀའ་སློབ་སྩལ་རྗེས་བོད་མིའི་འཐབ་རྩོད་སྐོར་བཀའ་སློབ་སྩལ་དོན། ང་ཚོས་ཕྱི་ལོ་ ༡༩༧༤ ལོ་ནས་བཙན་བྱོལ་བོད་མི་ཚོས་བོད་རང་བཙན་མི་རྩོད་རྒྱུའི་ཐག་གཅོད་བྱས་ཡོད། རྒྱ་ནག་གི་རྩ་ཁྲིམས་ནང་ས་ཁུལ་ཁག་ཏུ་རང་སྐྱོང་གི་ཆ་རྐྱེན་འཁོད་ཡོད་པ་མ་ཟད། ཆོས་དད་རང་དབང་ཡོད་སྐོར་ཡང་གསལ་པོ་འཁོད་ཡོད། འོན་ཀྱང་རྒྱ་ནག་གི་འགོ་ཁྲིད་སེམས་སྦུབ་དོག་པོ་དེ་ཚོས་རྩ་ཁྲིམས་ཀྱི་ཆ་རྐྱེན་ལག་བསྟར་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་རྙོག་གྲ་བཟོ་བཞིན་ཡོད། ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་ནང་གནམ་བདེ་སྒོར་མོའི་ཐང་ཆེན་གྱི་དོན་རྐྱེན་བྱུང་རྗེས་གཞིས་ནས་རྒྱ་མི་རིགས་ཚོས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་འགོ་བཙུགས་ཡོད། དོན་རྐྱེན་དེས་དུས་ཡུན་རིང་པོའི་རིང་བོད་མི་ཚོས་རྒྱ་མི་རིགས་ལ་སྡང་ཟུག་བྱེད་བཞིན་ཡོད་པའི་རྣམ་རྟོག་དེ་དག་སེལ་ཐུབ་པ་བྱུང་ཡོད། རྒྱ་ནག་འགོ་ཁྲིད་ཚོས་ད་ཆ་གུ་ཡངས་ཀྱི་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྱིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འཛམ་གླིང་ནང་ཕན་ཐོགས་བསྒྲུབ་རྒྱུའི་ནུས་པ་ཧ་ཅང་ལྡན་ཡོད་ཀྱང་ངོས་ལ་དེ་སྔ་མ་ལེ་ཤི་ཡའི་ Malaysiaདབུ་ཁྲིད་ཏུང་ཀུ་ཨབ་དུལ་རེ་མན་ Tunku Abdul Rahman མཆོག་གིས་རྒྱ་ནག་ནི་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཞེད་སྣང་བྱེད་ཡུལ་ཞིག་ཆགས་ཡོད། ཅེས་གསུངས་བྱུང་། དེར་བརྟེན་རྒྱ་ནག་ལ་འཛིན་པའི་མཐོང་ཕྱོགས་དེ་འགྱུར་བ་བཏང་སྟེ་རྒྱ་ནག་དེ་བཞིན་གུ་ཡངས་དང་རང་དབང་ཡོད་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་དགོས། དུས་རབས་ ༢༡ ནང་གི་མི་རབས་གཞོན་སྐྱེས་རྣམས་ལ་ང་ཚོས་བཟང་ཕྱོགས་ཀྱི་རེ་བ་བརྒྱབ་ཆོག དུས་རབས་ ༢༡ གི་རྒྱ་རིགས་གཞོན་སྐྱེས་སྤུན་ཟླ་ཕོ་མོ་ཚོར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུའི་གོ་སྐབས་ཧ་ཅང་ལྡན་ཡོད། ཅེས་བཀའ་སློབ་སྩལ་རྗེས་བོད་ཀྱི་གནད་དོན་ཐོག་བཀའ་སློབ་སྩལ་དོན། བོད་དོན་ལ་མཚོན་ན་ང་ཚོས་བོད་ཀྱི་གནད་དོན་སེལ་ཆེད་འཚེ་མེད་ཞི་བའི་ཐབས་ལམ་ཐོག་འབད་བརྩོན་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་བ་དང་དྲི་བ་ཁག་གཅིག་ལ་བཀའ་ལན་ཡང་སྩལ་ཡོད།།