༢༠༡༤ ཟླ་ ༣ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་མི་ནེ་སོ་ཊའི་རྒྱལ་ས་མི་ནེ་པོ་ལི་སི་ Minneapolis ནས་གྲོང་ཁྱེར་རོ་ཆེ་སི་ཊར་ Rochester ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་མ་ཡོ་སྨན་ཁང་ Mayo Clinic དུ་ལོ་ལྟར་སྐུའི་འཕྲོད་བཞེས་ཐོག་བརྟག་དཔྱད་མཛད་བཞིན་ཡོད་པ་ལྟར་འདི་ལོར་སྨན་པས་སྐུའི་འཕྲོད་བཞེས་སྔར་བཞིན་དངས་གསལ་ཡོད་པ་ངོས་འཛིན་ཞུས་རྗེས། མགོན་པོ་གང་ཉིད་མཆོག་གིས་སེམས་དང་སྲོག་Mind & Life གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་ཏེ་ཁོང་རྣམས་ཀྱིས་བཟང་སྤྱོད་དང་ཤེས་ཡོན། འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་ཡོན་ཏན་གོང་མཐོར་གཏོང་ཐབས་ཀྱི་ལས་གཞིའི་ཐོག་འབད་བརྩོན་གནང་བཞིན་པའི་ལས་དོན་ཐོག་བཀའ་བསྡུར་མཛད། དེ་ཡང་སྤྱིར་ཐེངས་འདིར་སེམས་དང་སྲོག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པས་དེང་དུས་ཤེས་ཡོན་ལམ་ལུགས་ནང་གོང་འཁོད་བརྗོད་གཞི་དང་འབྲེལ་བའི་སློབ་ཚན་གཏན་འབེབས་གནང་རྒྱུའི་ལས་འཆར་ཞིག་ཡོད་པ་དེའི་ཐོག་ད་བར་ལས་དོན་གང་སྤེལ་ཐུབ་པ་རྣམས་༸གོང་ས་མཆོག་གི་ཆིབས་སྒྱུར་དང་སྟབས་བསྟུན་གོ་བསྡུར་སྦྱང་བཤད་ཞུ་རྒྱུའི་དམིགས་ཡུལ་གཙོ་བཟུང་གིས་མཇལ་བཅར་ཞུས་པ་ཞིག་ཡིན་འདུག སྐབས་དེར་༸གོང་ས་མཆོག་གིས་དབྱིན་ཇིའི་ཚིག་ཏུ་སེ་ཁུ་ལར་ secular ཞེས་པ་འདིས་ཆོས་ལུགས་རིས་མེད་ཙམ་མ་ཟད། ཆོས་ཁས་མི་ལེན་མཁན་རྣམས་ལའང་ཡོངས་གྲགས་ཐོག་ནས་གོ་ཐུབ་པ་དང་། དེ་བཞིན་ཆོས་ཁས་ལེན་མཁན་ཚོར་མཚོན་ནའང་སེ་ཁུ་ལར་ཞེས་པའི་ཚིག་འདིས་གཞི་རྩའི་ཆོས་ལུགས་ཚང་མར་འདྲ་མཉམ་གྱིས་གུས་བརྩི་ཞུ་རྒྱུ་སོགས་ཀྱི་གོ་དོན་ལ་འཇུག་ཐུབ་མིན་ཐོག་ཐུགས་འཚབ་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་བ་མ་ཟད།
སྐབས་དེར་༸གོང་ས་མཆོག་གིས་དེ་སྔ་ཁ་ཆེའི་གྲོགས་པོ་ཞིག་དང་ལྷན་བཀའ་བསྡུར་མཛད་སྐབས་ཁོང་གིས་ཚན་རིག་དང་ཆོས་དབར་འགལ་བ་ཡོད་པར་བརྟེན་ཕྲན་བུ་མི་བདེ་བའི་ཚོར་སྣང་ཡོད་སྐོར་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་ཁོང་ལ་ཚན་རིག་ནི་ཕྱི་དངོས་པོའི་ཆོས་ལ་གཙོ་བཟུང་བྱེད་བཞིན་པ་དང་ཆོས་ནི་ནང་སེམས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་ཐོག་དོ་སྣང་གཙོ་བོ་བྱེད་བཞིན་ཡོད་སྐོར། ཆོས་ལ་དད་པ་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་བྱམས་བརྩེའི་བསམ་པ་གོང་འཕེལ་གཏོང་ཐབས་ཆེད་ཡིན་པ་དང་། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཡོད་མེད་ཚན་རིག་པས་ཁུངས་སྐྱེལ་བྱེད་མི་ཐུབ་པ། དེ་བཞིན་ཡི་ཤུའི་བླ་ཆེན་པོབ་མཆོག་གིས་དད་པ་དང་རྒྱུ་མཚན་ཟུང་འབྲེལ་ཐོག་འགྲོ་དགོས་སྐོར་གསུངས་པ་དེ་ཕྱོགས་གཞན་ཞིག་ནས་བརྗོད་ན་ཆོས་དང་ཚན་རིག་ཟུང་འབྲེལ་ཐོག་འགྲོ་དགོས་པར་གོ་ཆོག་ཅེས་སོགས་བཀའ་ལན་སྩལ་བ་ཞིག་ཐུགས་དྲན་གསོ་མཛད།
སྐབས་དེར་ཌེན་གྷོལ་མན་ Dan Golemanལགས་ཀྱིས་སློབ་གྲྭའི་ནང་དུ་སློབ་ཕྲུག་ཁག་གཅིག་ལ་སེམས་འཁྲུག་པ་སོགས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པར་བརྟེན་སློབ་ཕྲུག་ཚོས་དྲན་ཤེས་བཞིན་གྱིས་ཐོག་ནས་རང་གི་བསམ་བློར་བྱ་ར་བྱས་ཏེ་ནང་གི་ཉོན་མོངས་རྣམས་ལ་གདོང་ལེན་ཇི་ལྟར་བྱེད་ཐུབ་མིན་ཐོག་ལས་གཞི་ཞིག་ལག་བསྟར་བྱས་པ་དེས་སློབ་ཕྲུག་ཚོས་རང་ཉིད་ཙམ་མ་ཟད། གཞན་གྱི་བདེ་སྡུག་ལ་བསམ་ཤེས་བྱེད་ཐུབ་པ་སོགས་ཕན་ཐོགས་ཧ་ཅང་བྱུང་ཡོད་སྐོར་སྙན་སེང་ཞུས།
གཞན་ཡང་ཀླད་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་ཌེ་ཝི་ཌི་སན་ Richie Davidson ལགས་ཀྱིས་ཨ་རིའི་ནང་ལོ་ན་སོན་པའི་སྐྱེས་བུ་བརྒྱ་ཆ་ ༤༧ ཡིས་རང་གིས་གང་བྱས་པ་དེར་སྣང་མེད་ལྟ་བུར་བྱས་པ་མ་གཏོགས་དེར་ཆེད་མངགས་དོ་སྣང་སྤྲད་ཀྱི་མེད་པ་དང་། གལ་ཏེ་ཆུང་དུས་སྐབས་ནས་བསམ་བློར་སྦྱོང་བརྡར་སྤྲད་ཚེ་དཀའ་ངལ་དེ་དག་སེལ་ཐུབ་རྒྱུའི་བསམ་འཆར་སྙན་སྒྲོན་ཞུས་པ་མ་ཟད། ནིའུ་ཛི་ལེན་ཌིའི་ New Zealand གྲོང་ཁྱེར་ཌུ་ནེ་ཌིན་ Dunedin ནང་དུ་ཕྲུ་གུ་གྲངས་ ༡༠༠༠ ལ་བརྟག་དཔྱད་བྱས་པ་བརྒྱུད་ནས་རང་གི་བསམ་བློར་སྟངས་འཛིན་བྱེད་ཐུབ་མཁན་དང་བསམ་བློར་དབང་བསྒྱུར་བྱེད་ཐུབ་མཁན་གྱི་ཕྲུ་གུའི་ཁྲོད་ད་ཆ་ལོ་ན་ ༣༢ ལ་བསླེབས་པ་རྣམས་ཀྱིས་མི་ཚེའི་ནང་དཀའ་ངལ་འཕྲད་སྐབས་གདོང་ལེན་ཡག་པ་བྱེད་ཐུབ་པར་བརྟེན་སེམས་སྐྱིད་པ་དང་། མི་ཚེ་ལམ་ལྷོང་ལྡན་པ་ཡོང་ཐུབ་བཞིན་ཡོད་པ་ར་འཕྲོད་ཐུབ་ཡོད་སྐོར་སྙན་སྒྲོན་ཞུས་པ་མ་ཟད། བྱམས་བརྩེ་དུས་ཡུན་ཐུང་དུ་ཞིག་བསྒོམ་ཡང་དེས་ཕན་ཐོགས་ཧ་ཅང་ཡོད་པ་ར་འཕྲོད་བྱུང་ཡོད་སྐོར་སོགས་ཞུས་རྗེས་༸གོང་ས་མཆོག་གིས་ངོས་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ཧ་ཅང་ཡག་པོ་བྱུང་འདུག ཅེས་བཀའ་ལན་སྩལ། མཇལ་ཁའི་སྐབས་ལྕམ་སྐུ་ཌ་ཡེ་ན་ཅེབ་མན་ཝལ་ཤི་ Diana Chapman Walsh ལགས་དང་ཨར་ཐར་ཛ་ཇོང་Arthur Zajonc སོགས་ཕེབས་ཡོད།