༢༠༡༤ ཟླ་ ༣ ཚེས་ ༡ རེས་གཟའ་སྤེན་པ།
་
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༧ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་ John Kerry མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་ཕྱིར་བསྒྲགས་གནང་ཡོད། དེ་ཡང་སྙན་ཐོ་དེའི་ནང་དོན་སྙིང་བསྡུས་ནང་། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བཀུར་དང་སྲུང་སྐྱོབ་བྱེད་རྒྱུའི་གནས་ཚད་ཧ་ཅང་ཞན་པོ་འདུག རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་དང་ཁ་བྲལ་ལ་ངོ་རྒོལ་སོགས་ལ་ཁ་གཡར་ཏེ་བོད་མི་ཚོའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་དམ་བསྒྲགས་ཧ་ཅང་བྱས་པ་མ་ཟད། བོད་མི་ཚོའི་སྨྲ་བརྗོད་དང་ཆོས་དད། འདུ་འཛོམས་བྱ་རྒྱུའི་ཐོབ་ཐང་། དེ་བཞིན་འགྲོ་སྡོད་སོགས་ལ་དམ་བསྒྲགས་བྱེད་བཞིན་ཡོད། ཅེས་བཀོད་ཡོད།
ཕྱོགས་མཚུངས་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཁྲིམས་བརྒལ་ཐོག་ནས་བོད་མི་དམར་གསོད་བཏང་བ་དང་སྡུག་སྦྱོང་མནར་གཅོད་བཏང་བ། འཛིན་བཟུང་བཀག་ཉར་བྱས་པ། དེ་བཞིན་བཟང་བཙོན་དུ་བཅུག་པ་སོགས་བྱེད་བཞིན་ཡོད་པར་བརྟེན།
བོད་མི་ཚོའི་བསམ་བློའི་ནང་རྒྱ་ནག་གཞུང་གིས་ཆེད་མངགས་བོད་མིའི་ཐོག་ཆབ་སྲིད་དམ་བསྒྲགས་དང་། དཔལ་འབྱོར་ཟུར་ཕུད། རིག་གཞུང་གཏོར་བཤིག་གཏོང་བཞིན་ཡོད་པ་མ་ཟད། ཤེས་ཡོན་དང་ལས་ཀའི་གོ་སྐབས་ཐོག་ལའང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་ཚོར་བཞིན་ཡོད། དེ་བཞིན་བོད་ས་ཁྱོན་ཡོངས་སུ་བོད་རིགས་བསྡུ་སྡོད་ཀྱི་ས་ཁུལ་ཁག་མང་པོའི་ནང་རྒྱ་ནག་གཞུང་གི་དྲག་ཆས་ཉན་རྟོག་མི་སྣས་གཙོས་ཉེན་རྟོག་དམག་མི་ཧ་ཅང་འབོར་ཆེན་འགྲེམས་འཇོག་བྱས་ཏེ་ལོ་འཁོར་མོའི་རིང་དམ་བསྒྲགས་མུ་མཐུད་བྱེད་བཞིན་པ་མ་ཟད། ལྷག་པར་དུ་ཆབ་སྲིད་དང་ཆོས་ལུགས་ཀྱི་དུས་ཆེན་གནད་འགག་ཆེ་ཁག་སྲུང་བརྩི་ཞུ་རྒྱུའི་དུས་ཚོད་སྔ་ཕྱིར་དམ་བསྒྲགས་དེ་བས་ཤུགས་ཆེར་གཏོང་བཞིན་ཡོད། གཞན་ཡང་བོད་ཀྱི་ས་ཁུལ་མང་པོའི་ནང་སློབ་ཕྲུག་དང་སྐྱ་སེར་མི་མང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དགོས་པ། དེ་བཞིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་འདོན་སྐབས་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་ཁར་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱི་ནང་གི་གནས་ཚུལ་ཕྱིར་བསྒྲགས་ཡོང་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་སྟབས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེ་ཇི་ཙམ་གཏོང་བཞིན་ཡོད་མེད་ཞིབ་ཚགས་ཤེས་རྟོགས་དཀའ་བ་ཆགས་ཡོད། དེ་ཡང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་རྒྱུར་དམ་བསྒྲགས་བཀག་བསྡོམས་
བྱེད་བཞིན་ཡོད་པ་མ་ཟད། ཕྱི་རྒྱལ་གསར་འགོད་པ་དང་སྐད་ཆ་ཤོད་མཁན་བོད་མི་རྣམས་ལ་གནས་ཚུལ་ཕྱི་གྱར་བྱས་པའི་ཉེས་འཛུགས་བྱས་པ་དང་། དེ་བཞིན་བོད་མི་ཁག་གཅིག་ལ་ལག་ཐོག་ཁ་པར་དང་དྲ་རྒྱ་སོགས་བརྒྱུད་ནས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཕྱིར་གཏོང་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་སོགས་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད།
གཞན་ཡང་སྙན་ཐོ་དེའི་ནང་མུ་མཐུད་འཁོད་དོན། རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཨ་རིའི་རླུང་འཕྲིན་ཁང་Voice of America དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། Radio Free Asia དེ་བཞིན་ནོར་ཝེ་རླུང་འཕྲིན་ཁང་ Voice of Tibet སོགས་ཀྱི་བོད་དོན་གནས་ཚུལ་དང་དྲིལ་བསྒྲགས་སོགས་ལ་མུ་མཐུད་འགོག་རྐྱེན་བཟོ་བཞིན་ཡོད་པ་དང་། རྒྱ་ནག་ཉེན་རྟོག་མི་སྣས་བོད་ཀྱི་ས་ཁུལ་ཁག་ཏུ་བོད་མི་གནས་སྡོད་ཀྱི་ཁྱིམ་ཚང་ནང་བརྙན་འཕྲིན་འཕྲུལ་ཆས་ཀྱི་སྡེར་མ་ཁང་ཐོག་ཏུ་བཙུགས་པ་རྣམས་བཙན་འཕྲོག་གིས་གཞུང་བཞེས་བཏང་བ་མ་ཟད། དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་པའི་བརྙན་འཕྲིན་འཕྲུལ་ཆས་འཛུགས་བཞིན་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གཞུང་འབྲེལ་བརྒྱུད་ལམ་ནང་དང་དེ་བཞིན་སློབ་གྲྭའི་ནང་སློབ་ཁྲིད་བྱ་རྒྱུའི་བརྒྱུད་ལམ་ཁག་གི་ནང་དུ་རྒྱ་ཡིག་དང་རྒྱ་སྐད་གཙོ་བཟུང་བྱེད་པ་མ་གཏོགས་བོད་ཡིག་དང་བོད་སྐད་བེད་སྤྱོད་བྱེད་ཀྱི་མེད། སྤྱིར་རྒྱ་ནག་གཞུང་གི་རྩ་ཁྲིམས་དོན་ཚན་ ༣༧ ནང་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་འཁོད་པའི་ནང་དུ་གྲངས་ཉུང་མི་རིགས་གནས་སྡོད་ཀྱི་སློབ་གྲྭ་ཁག་ཏུ་སློབ་དེབ་དང་སློབ་ཁྲིད་བརྒྱུད་ལམ་རྣམས་གྲངས་ཉུང་མི་རིགས་དེའི་སྐད་ཡིག་བེད་སྤྱོང་གང་ཐུབ་གཏོང་དགོས་པ་འཁོད་ཡོད་ཀྱང་། བོད་མིའི་སློབ་ཆུང་དང་སློབ་འབྲིང་ཁག་གི་བོད་སྐད་གཞིར་བཞག་ཐོག་གཏན་ལ་ཕབ་པའི་སློབ་ཚན་རྣམས་རྒྱ་སྐད་དུ་ཕབ་བསྒྱུར་བྱས་ནས་སློབ་ཁྲིད་བྱེད་བཞིན་ཡོད་པར་བརྟེན་བོད་ཕྲུག་ཚོར་རང་གི་རིག་གཞུང་དང་རྒྱལ་རབས་སོགས་ལ་གོ་རྟོགས་ཐུབ་རྒྱུའི་གོ་སྐབས་ཧ་ཅང་ཉུང་ཉུང་ཆགས་ཡོད། ཅེས་སོགས་བཀོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ།
གསར་གནས།

འབྲེལ་གནས།
