༢༠༡༤ ཟླ་ ༢ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅།།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཁལ་ལི་ཕོར་ནི་ཡའི་མངའ་སྡེའི་སན་ཊ་ཁལ་རཱ་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་ཟབ་མོ་ཐོབ་སྟེ་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༤ ཉིན་སན་ཁལ་རཱ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཁྱོན་མི་གྲངས་ ༣༣༠༠ བརྒལ་བར་ཚོང་ལས་དང་བཟང་སྤྱོད། བྱམས་བརྩེའི་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱིས་དུས་རྟག་ཏུ་བརྗོད་གཞི་གཙོ་བོ་དེ་མི་སྒེར་དང་ཁྱིམ་ཚང་། དེ་བཞིན་སྤྱི་ཚོགས་ཤིག་འགྲོ་བ་མིའི་རིགས་ཀྱི་བདེ་བ་དང་བདེ་སྐྱིད་བཅས་ཀྱི་སྐོར་ཡིན། འཛམ་གླིང་འདིའི་ནང་མི་འབོར་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མར་བདེ་སྐྱིད་འདོད་པ་གཅིག་གྱུར་ཡིན་པ་མ་ཟད། བདེ་སྐྱིད་བསྒྲུབ་རྒྱུའི་གཞི་རིམ་གྱི་ཐོབ་ཐང་ཡང་གཅིག་མཚུངས་ཡོད། འོན་ཀྱང་ང་ཚོས་ཕྱི་དངོས་པོའི་བདེ་ཐབས་གཙོ་བོར་བཟུང་ནས་ནང་སེམས་ཀྱི་བདེ་སྐྱིད་ཀྱི་རིན་ཐང་ཐོག་ལྷོད་གཡེང་གཏོང་གི་ཡོད། དེ་རིང་འདིར་ཕྲུ་གུ་ཆུང་ངུ་ཚོས་སྣང་བ་སྐྱིད་པའི་གཞས་སྣ་འདི་གཏོང་སྐབས་ངོས་རང་གི་བྱིས་པའི་གནས་སྐབས་ཀྱི་མྱོང་ཚོར་རྣམས་སེམས་ནང་ལྷང་ངེར་འཆར་བྱུང་། ངོས་ལ་ཆ་བཞག་ན་ཁྱིམ་ཚང་དཀྱུས་མ་ཞིག་ནང་སྐྱེས་པ་དང་། ཁྱིམ་ཚང་གི་རྒྱུ་ནོར་གཙོ་བོ་དེ་ངོས་ཀྱི་དྲིན་ཅན་ཨ་མ་ལགས་ཀྱི་བྱམས་པ་དང་བརྩེ་བ་ཡིན། ཁོང་གི་བྱམས་བརྩེ་ནུས་སྟོབས་དེས་ང་ཚོའི་ནང་དུས་རྟག་ཏུ་བདེ་སྐྱིད་ཐོག་སྤྲོད་སེམས་ངང་གནས་ཐུབ་ཀྱི་ཡོད། ངོས་རང་ཆུང་ཆུང་སྐབས་ཨ་མ་ལགས་ཀྱིས་དམིགས་བསལ་དོ་སྣང་དང་བྱམས་སྐྱོང་གནང་གི་རེད། ཨ་མ་ལགས་ལས་ཀར་ཕེབས་སྐབས་ངོས་ཨ་མའི་མཇིང་པར་བཞོན་ནས་འགྲོ་གི་ཡོད། ངོས་དང་ངོས་ཀྱི་སྤུན་མཆེད་རྣམས་ནས་ཨ་མ་ཁོང་ཁྲོ་བཟའ་བ་དང་ཞལ་རས་གློད་ནས་བཞུགས་པ་ཉིན་གཅིག་ཀྱང་མཐོང་མྱོང་མེད། གནས་སྟངས་དེ་འདྲའི་འོག་འཚར་ལོངས་བྱུང་བ་དེ་དོན་དམ་གྱི་བྱིན་རླབས་ཡིན་པ་ད་གཟོད་ཤེས་ཀྱི་འདུག དེ་ནས་རིམ་བཞིན་ངོས་རང་གི་ལེགས་ཉེས་འབྱེད་པའི་བློ་གྲོས་ལ་བརྟེན་ནས་བྱམས་སེམས་གོང་སྤེལ་གཏོང་བཞིན་ཡོད་ཀྱང་དེའི་ཐོག་མའི་ས་བོན་ཨ་མ་ལགས་ཀྱིས་བསྐྲུན་གནང་ཡོད།
ང་ཚོ་འགྲོ་བ་མིས་རྒྱུ་མཚན་གང་ལ་བརྟེན་ནས་ནང་སེམས་ཀྱི་བདེ་སྐྱིད་ཀྱི་རིན་ཐང་དེ་དག་སྣང་མེད་དུ་གཏོང་གི་ཡོད་དམ། རང་གཅེས་འཛིན་གྱི་ས་བསམ་བློ་དེ་ཚོ་གོང་མཐོར་གཏོང་བཞིན་ཡོད་དམ། འགྲོ་བ་མིའི་རང་བཞིན་དེ་དག་ཡ་རབས་ཀྱི་གཤིས་རྒྱུད་བཟང་པོ་ཡོད། ང་ཚོའི་སྤྱི་ཚོགས་འདི་གཅིག་གིས་གཅིག་ལ་བརྟེན་དགོས་པ་ཆགས་ཡོད། མདོར་ན་གང་ཟག་སྒེར་པའི་འཚོ་བ་ཡང་མཉམ་འབྲེལ་གྱི་མཐུན་འགྱུར་ལ་བརྟེན་དགོས། གལ་ཏེ་ང་ཚོ་ཁོང་ཁྲོ་དང་ཡིད་མི་ཆེས་པའི་བསམ་བློའི་གཞན་དབང་དུ་ཕྱིན་ན་དོན་འབྲས་སོན་མི་སྲིད། ང་རང་ཚོའི་རྒྱུད་ལ་སྙིང་རྗེའི་ས་བོན་ཆུང་དུས་ནས་ཡོད་ཀྱང་དེ་དག་ཇེ་བཟང་དང་གོང་སྤེལ་གཏོང་དགོས། དེ་བཞིན་སྤྱི་ཚོགས་ནང་ལྐོག་བཟའ་རུལ་སུངས་དང་དབུལ་ཕྱུག་དབར་གྱི་ཁྱད་པར། གཞན་གི་ཚེ་སྲོག་ལ་མཐོང་དང་གུས་བཀུར་སྙིང་རྗེ་མེད་པའི་དཀའ་ངལ་མང་ཅིག་འཕྲད་ཀྱི་ཡོད། དེར་བརྟེན་བྱམས་བརྩེའི་བསམ་པ་གོང་སྤེལ་གཏོང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། ལྷག་པར་དམའ་རིམ་སློབ་གྲྭ་ནས་མཐོ་རིམ་སློབ་ཚན་ནང་ཆོས་ལུགས་དང་མ་འདྲེས་པའི་ཡ་རབས་སྤྱོད་བཟང་གོང་སྤེལ་གཏོང་ཐབས་སྐོར་གྱི་སློབ་ཚན་འཇོག་ཐབས་བྱེད་དགོས། གནད་དོན་དེ་དག་ཀུན་ལ་གལ་ཆེའི་རང་བཞིན་དུ་འགྱུར་བཞིན་ཡོད། བྱམས་སྙིང་རྗེའི་བསམ་པ་ཤུགས་ཆེ་རྒྱུད་ལ་ལྡན་པའི་གང་ཟག་དེ་དག་རང་བཞིན་གྱིས་སེམས་དུལ་སོགས་ཡོང་གི་ཡོད། དེར་བརྟེན་སེམས་ལའངགདེང་སྤོབས་ཀྱི་ནུས་སྟོབས་ཆེ་བ་ཡོད་པ་མ་ཟད། འཕྲོད་བསྟེན་ལ་ཡང་གཞན་ལས་ལེགས་པ་ཡོད་སྐོར་སོགས་ཚན་རིག་པས་ཉམས་ཞིབ་བརྒྱུད་ནས་ངོ་འཕྲོད་ཐུབ་པ་བྱུང་ཡོད། ནང་སེམས་ཀྱི་བསམ་བློ་བག་ཡངས་ཅན་གྱིས་སེམས་ཁྲལ་དང་བློ་འཚབ་སེམས་ངལ་སོགས་ཉུང་དུ་གཏོང་ཐུབ་ཀྱི་ཡོད། སེམས་ཁྲལ་དང་ཁོང་ཁྲོས་ང་ཚོའི་གཟུགས་པོའི་འཕྲོད་བསྟེན་ལ་གནོད་སྐྱོན་དང་ནང་མིའི་བར་ཁ་བྲལ་འགྲོ་བ་རིགས་ཀྱང་ཡོང་སྲིད། དེ་བརྟེན་རང་རྒྱུད་ལ་སྔར་ལྷག་སྙིང་རྗེའི་བསམ་བློ་སྐྱེ་ཐབས་བྱེད་དགོས། ང་ཚོར་ལུས་དང་སེམས་གཉིས་ལྡན་ཡོད་སྟབས་ང་ཚོར་ལུས་བདེ་ཐབས་དང་སེམས་ཞི་བདེར་གནས་སྟངས་སྙིང་རྗེའི་ནས་སྐྱེས་སྲིང་བྱེད་དགོས། ང་ཚོས་སློབ་སྦྱོང་བྱེད་དགོས་པ་ནི་གཞན་གྱི་བདེ་ཐབས་ལ་དོ་སྣང་དང་སེམས་ཁུར། ང་ཚོའི་སེམས་ནང་སོ་སོར་གཅེས་པར་འཛིན་པ་དང་རང་བདེ་ཐབས་སོགས་ལ་དོ་སྣང་གི་བསམ་བློ་འཛིན་རྒྱུ་ནི་རང་བཞིན་གྱི་ཡོད་མུས་རེད། ང་ཚོས་ལྐུགས་རྟགས་ཅན་གྱི་རང་གཅེས་འཛིན་གྱིས་བསམ་བློ་དེ་དག་རྒྱབ་ཏུ་བསྐྱུར་ནས་གཞན་གཅེས་འཛིན་དང་གཞན་ཕན་གྱི་བསམ་བློ་གོང་སྤེལ་དང་ཇེ་བཟང་གཏོང་ཐབས་སུ་འབད་བརྩོན་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་ཡོད།