༢༠༠༩ ཕྱི་ཟླ་ ༨ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་བ་ ༨ ཚེས་ ༢༧ ཉིན་ཐེ་ཝན་གྱི་སྲིད་འཛིན་ནས་གཞུང་འབྲེལ་གསལ་བསྒྲགས་སྤེལ་བའི་ནང་གསལ། ཕྱི་ཟླ་ ༨ ཚེས་ ༣༡ ནས་ ༩ ཚེས་ ༣ བར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ནང་ཉེ་དུས་དྲག་ཆར་རླུང་འཚུབ་དང་ཆུ་རུད་ཀྱིས་གོད་ཆག་ཕོག་ཡུལ་གྱི་ས་གནས་ཁག་ཏུ་༸ཞབས་སོར་འཁོད་དེ་རང་འབྱུང་འཇིག་པའི་འོག་འདས་གྲོངས་སུ་གྱུར་བ་དང་ཆག་སྒོ་བྱུང་བ་རྣམས་ཀྱི་ཆེད་སྨོན་ལམ་གསོལ་འདེབས་གནང་རྒྱུ་ཡིན་པ་རེད་ཅེས་རུ་ཊར་གསར་ཁང་ནས་བརྗོད་ཡོད།
ཐེ་ཝན་ཕྱོགས་འགལ་མང་གཙོ་ཡར་ཐོན་ཚོགས་པས་རེས་གཟའ་ལྷག་པའི་ཉིན་༸གོང་ས་མཆོག་ལ་གདན་ཞུའིི་གསོལ་འདེབས་ཕུལ་ཡོད་པ་རེད་འདུག ཐེ་ཝན་དུས་བབ་གསར་ཤོག་ནང་། གྲོང་ཁྱེར་ཀའོ་ཤུང་སྲིད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་ངེས་སྟོན་པ་སྐུ་ཞབས་ཤུ་ལི་མིང་ནས་༸གོང་ས་མཆོག་ཐེ་ཝན་ལྷོ་ཕྱོགས་གྲོང་ཁྱེར་ཆེ་ཁག་བདུན་གྱི་འགོ་ཁྲིད་རྣམས་ནས་ཁུལ་སོ་སོར་གདན་ཞུ་གསོལ་འདེབས་ཞུས་པའི་སྐོར་བཀོད་ཡོད། ད་ཐེངས་མགོན་པོ་གང་ཉིད་མཆོག་ཐེ་ཝན་ལྷོ་ཕྱོགས་ཁུལ་དུ་ཉིན་གྲངས་ལྔ་བཞུགས་རིང་བཀའ་སློབ་དང་། དེ་བཞིན་གོད་ཆག་བྱུང་བའི་ས་ཁུལ་སོ་སོར་ཆིབས་སྒྱུར་བསྐྱང་སྟེ་ཡུལ་མི་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེ་གནང་རྒྱུ་ཡིན་པ་རེད་ཅེས་བརྗོད་ཡོད།
ཐེ་ཝན་དུས་བབ་གསར་ཤོག་ནང་། ༸གོང་ས་མཆོག་ནི་འཛམ་གླིང་སྤྱིའི་ཆོས་ཀྱི་དབུ་ཁྲིད་གཅིག་ཡིན་ལ་བྱམས་བརྩེ་དང་ཞི་བདེའི་ངོ་བོ་མཚོན་བཞིན་ཡོད། སྐུ་ཉིད་ཀྱི་བྱིན་མཐུ་ལ་བརྟེན་ནས་སྐྱེ་བོ་ཐེར་འབུམ་ལ་ལོ་མང་སེམས་ལ་ངལ་གསོའི་བདེ་སྐྱིད་ཀྱང་སྦྱིན་ཡོད། ང་ཚོས་སྐུ་ཉིད་འདི་གར་ཆིབས་སྒྱུར་བསྐྱང་རྗེས་འབྱུང་བའི་གནོད་འཚེ་ཕོག་པའི་མི་མང་རྣམས་ལ་སྙིང་སྟོབས་འཕེལ་ནས་སྔར་མུས་བཞིན་རང་ཚུགས་ཐུབ་པ་ཡོང་རྒྱུའི་ཡིད་ཆེས་ཞུ་བཞིན་ཡོད་ཅེས་བཀོད་ཡོད།
༸གོང་ས་མཆོག་ནས་གདན་ཞུའི་གསོལ་འདེབས་དེར་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་དབུགས་དབྱུང་མཛད་ཡོད་པ་མ་ཟད། གལ་ཏེ་ཐེ་ཝན་གཞུང་ལ་སྟབས་བདེ་པོ་ཡོད་ན་ཟླ་བ་འདིའི་མཐའ་མཇུག་ཏུ་ཕེབས་འཆར་ཡོད་སྐོར་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་བརྗོད་ཡོད། ཡང་ཁོང་ནས་བརྗོད་གསལ། རང་འབྱུང་གོད་ཆག་བྱུང་རྐྱེན་ཁྱིམ་ཚང་མང་པོ་རྩ་གཏོར་ཕྱིན་པར་༸གོང་ས་མཆོག་ཐུགས་ཕམ་གནང་གི་ཡོད། དེ་ལྟར་བྱུང་བའི་མི་མང་ཕན་ཐོགས་ཡོད་ན་མགོན་པོ་གང་ཉིད་མཆོག་ཆིབས་སྒྱུར་བསྐྱང་རྒྱུར་ཐུགས་འདོད་ཡོད་སྐོར་འགྲེལ་བརྗོད་ཀྱང་གནང་ཡོད་པ་དང་ཆབས་ཅིག་ཐེངས་འདིའི་ཆིབས་སྒྱུར་བསྐྱང་མིན་ནི་ཐེ་ཝན་གཞུང་ལ་སྟབས་བདེ་ཡོད་མེད་ལ་རག་ལུས་ཡོད་སྐོར་ཡང་གསུངས་ཡོད་པ་རེད་འདུག ཕྱི་ལོ་ ༡༩༩༧ དང་ ༢༠༠༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཆིབས་སྒྱུར་བསྐྱངས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།