༢༠༡༤ ཟླ་ ༢ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༤ ནས་ཕྱི་ཟླ་ ༣ ཚེས་ ༨ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་བྱང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་། གྲོང་ཁྱེར་སན་ཕེརེན་སི་ཀོ། མི་ན་ཡ་པོ་ལིས་བཅས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་ཞབས་དང་། གྲོང་འཁྱེར་ཌེན་ཝར་དུ་བོད་རིགས་མང་ཚོགས་ལ་གསུང་བཤད། ཁེ་ན་ཌའི་གྲོང་ཁྱེར་ཝེན་ཀུ་ཝར་དང་ཀེལ་གྷ་རིར་བོད་རིགས་མི་མང་ལ་གསུང་བཤད་དང་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་ལས་རིམ་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད། དེ་ཡང་ཕྱི་ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་གྷ་གལ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། དེ་ནས་ཟླ་ ༢ ཚེས་ ༡༥ ཉིན་ལྡི་ལི་ནས་མུ་ནིཀ་བརྒྱུད་བྷོསི་ཊོན་དུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༨ ནས་ ༢༥ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་སན་ཕེ་རིན་སི་ཀོར་ཆིབས་ཞབས་བཅར་རྒྱུ། ཕྱི་ཚེས་ ༢༦ ནས་ ༢༧ བར་ཁེ་ན་ཌ་གྲོང་ཁྱེར་ཝེན་ཀུ་ཝར་དང་ཀེལ་གྷ་རིར་བོད་རིགས་མང་ཚོགས་ལ་གསུང་བཤད་དང་། གནད་ཡོད་མི་སྣ་ཁག་མཇལ་འཕྲད་སོགས་གནང་རྗེས། ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༣ ཚེས་ ༦ བར་ཨ་རིའི་གྲོང་ཁྱེར་ཌེན་ཝར་དུ་བོད་རིགས་མི་མང་ལ་གསུང་བཤད་དང་། མི་ན་ཡ་པོ་ལིས་དང་རྒྱལ་ས་ཝ་ཤིང་ཊོན་དུ་ཆིབས་ཞབས། ཕྱི་ཚེས་ ༦ ཉིན་ཝ་ཤིང་ཊོན་ནས་ཕེརངྐ་ཕཊ་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༨ ཉིན་ལྡི་ལི་ནས་གྷ་གལ་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།