༢༠༡༤ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ།
༅༅། །འདི་གར་ངག་དབང་ཐར་པ་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༡ ཉིན་བཏང་གནས་ནང་འཁོད་དོན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གཞུང་གིས་སོག་རྫོང་ཁྲི་རྡོ་ཡུལ་ཚོའི་རྡོ་བ་གཤར་ཚ་དགོན་པའི་གྲྭ་པ་བཞི་འཛིན་བཟུང་བྱས་འདུག
རྒྱ་གཞུང་གིས་ཉེན་རྟོག་པས་ཁོང་ཚོས་བོད་རང་བཙན་ཡིན། ཞེས་པའི་ཡིག་ཆ་ ༤༠ ལྷག་སྦྱར་གཏོར་དང་། རྒྱ་གཞུང་གི་སྤྲད་པའི་དགོན་པའི་སྒོ་བྱང་མེད་པ་བཟོས་པ། དེ་བཞིན་དགོན་པར་བཅའ་སྡོད་རུ་ཁག་གི་སྒོ་དང་སྒེའུ་ཁུང་ལ་རྡོ་གཞུས་པ་སོགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། སོག་རྫོང་དུ་ཁྲིད་ཡོད་འདུག་ཀྱང་ད་ལྟའི་ཆར་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག
འཛིན་བཟུང་བྱས་པའི་གྲྭ་པ་དེ་དག་ནི། དཔལ་འགྲུབ་ཚང་གི་གྲྭ་རང་ལོ་ ༢༠ ཡིན་པ་ཚུལ་ཁྲིམས་དཔལ་བཟང་ལགས་དང་། བསོད་ཚིམ་ཚང་གི་རང་ལོ་ ༡༥ ཡིན་པ་གྲྭ་བློ་བཟང་ཡེ་ཤེས་ལགས། མི་ཆུང་ཚང་གི་རང་ལོ་༢༢ ཡིན་པ་གྲྭ་སྐལ་བཟང་བྱམས་པ་ལགས། ཨ་གནམ་ཚང་གི་རང་ལོ་ ༢༣ ཡིན་པ་གྲྭ་སྐལ་བཟང་རྡོ་རྗེ་ལགས་བཅས་ཡིན་འདུག
རྡོ་བ་གཤར་ཚ་དགོན་པ་ནི་བོད་རབ་བྱུང་བདུན་པའི་ཆུ་སྟག་ཕྱི་ལོ་ ༡༤༢༢ ཙམ་ལ་ཞང་ཞུང་ཆོས་དབང་གྲགས་པས་ཕྱག་བཏབ་རྗེས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་གིས་མ་གཏོར་བར་ལོ་ངོ་ ༥༣༨ ཙམ་གྱི་ལོ་རྒྱུས་ཡོད་པའི་དགོན་པ་ཞིག་ཡིན་ཞིང་ཆོས་རྒྱུད་དགེ་ལུགས་ཡིན་འདུག