༢༠༡༤ ཟླ་ ༢ ཚཻས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤི་ལོང་ནང་ཆོས་ལུགས་མཐུན་སྒྲིལ་སྐོར་གྱི་ལྷན་ཚོགས་ཤིག་ཏུ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད། དེ་ཡང་གོང་ཚེས་ཉིན་མགོན་པོ་གང་ཉིད་མཆོག་གིས་ཐོག་མར་མངའ་སྡེའི་དཔེ་མཛོད་ཁང་དུ་ས་གནས་བོད་རིགས་མང་ཚོགས་རྣམས་ལ་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་གིས་གསར་འགོད་པ་ཚོར་འགྲོ་བ་མིའི་གཤིས་རྒྱུད་ཀྱི་བཟང་པོའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ། བོད་བརྒྱུད་ནང་བསྟན་གྱིས་གཙོས་བོད་མི་རིགས་ཀྱི་ཐུན་མིན་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་མཛད་ཁུར་གཙོ་བོ་རྣམས་ལ་ཐུགས་བརྩོན་མཛད་བཞིན་ཡོད་སྐོར་བཀའ་སློབ་ཕེབས་ཡོད་པ་མ་ཟད། གསར་འགོད་པ་ཚོའི་དྲི་བར་བཀའ་ལན་ཡང་སྩལ་གྲུབ་བསྟུན།
ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ཁག་གཅིག་དང་ལྷན་སྡིངས་ཆའི་སྟེང་༸ཞབས་སོར་འཁོད། དེ་ནས་བོད་མི་མང་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་ལྷན་ཚོགས་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་རྗེས་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་སྣང་གསལ་ཞལ་ཕྱེ་མཛད་དེ་མཛའ་བརྩེ་དང་འཆམ་མཐུན་གྱི་ཁོར་ཡུག་ཕྱོགས་མཐའ་ཀུན་ཏུ་རྒྱས་པའི་ཐུགས་སྨོན་མཛད། དེ་ནས་ཡི་ཤུ་དང་ཧིན་དུ། ནང་པ། ཁ་ཆེ། གཅེར་བུ་བ། ཇིའུ། སིཀ་སོགས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་མཚོན་པའི་ཆོས་ལུགས་དབུ་ཁྲིད་རྣམས་ཀྱིས་སྨོན་ལམ་གསུང་འདོན་དང་བཀའ་སློབ་གནང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་རང་ཕྱི་ལོ་ ༡༩༥༦ ལོར་སངས་རྒྱས་མྱང་འདས་ཏེ་ལོ་ངོ་ ༢༥༠༠ འཁོར་བའི་དུས་ཆེན་མཛད་སྒོར་མཉམ་ཞུགས་ཆེད་རྒྱ་གར་ནང་ཐོག་མར་འབྱོར་སྐབས། ཆོས་ལུགས་གཞན་གྱི་དབུ་ཁྲིད་དང་མཇལ་རྒྱུའི་གོ་སྐབས་ཐེངས་དང་པོ་ཐོབ་བྱུང་། དེ་རྗེས་ཡི་ཤུའི་བླ་ཆེན་པོབ་མཆོག་སོགས་དང་མཇལ་རྒྱུའི་གོ་སྐབས་བྱུང་། ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བའི་བསླབ་བྱ་གསུང་བཞིན་ཡོད་པ་དང་། ལྷག་པར་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་དེ་དག་གིས་འཇིག་རྟེན་བཀོད་པ་པོ་རང་ཉིད་བྱམས་པ་དང་བརྩེ་བའི་ནུས་པ་ཟད་མཐའ་མེད་པའི་བདག་ཉིད་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་རྗེས་འཇུག་གདུལ་བྱ་ཚོས་ཀྱང་ཚེ་གང་གཞན་གྱི་བདེ་དོན་ཆེད་བློས་གཏོང་བྱེད་བཞིན་ཡོད་པ་ནི་དཔེར་ན། ཡི་ཤུའི་མཛའ་གྲོགས་ཕོ་མོ་ཚོས་འཛམ་གླིང་གི་ས་ཁུག་ལུང་ཁུག་ནང་ཕེབས་ནས་མི་མང་ཉམ་ཐག་དང་དབུལ་ཕོངས་རྣམས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་ཐོག་རོགས་རམ་གནང་བཞིན་ཡོད། ང་ཚོ་ནང་པ་སངས་རྒྱས་པ་ཚོས་ཀྱང་བྱས་རྗེས་འདི་ལྟ་བུ་འཇོག་ཐུབ་མེད། ཨི་རན་གི་དབུ་བླ་དམ་པ་ཨ་ཡ་ཏོ་ལ་ཁོ་མེ་ནི་མཆོག་སྐུ་འཚོ་བཞུགས་སྐབས་ཡུལ་དེར་བསྐྱོད་མྱོང་མཁན་གྱི་གསར་འགོད་པ་ཞིག་ངོས་དང་ཐུག་བྱུང་། སྐབས་དེར་ཁོང་གིས་སྤྱིར་ཨི་རན་གྱི་དབུ་བླ་དམ་པ་ཨ་ཡ་ཏོ་ལ་ཁོ་མེ་ནི་ (Ayatollah Khomeini) མཆོག་ལ་སྤྱི་ཡོངས་ཕྱི་རྒྱལ་གསར་འགོད་པའི་ཐོག་ལ་གཟིགས་ཕྱོགས་ཤིག་ཡོད་ཀྱང་དབུལ་ཕོངས་རྣམས་ལ་གཟིགས་སྐྱོང་ཧ་ཅང་གནང་བཞིན་ཡོད་སྐོར་བརྗོད་བྱུང་། ངོས་ལ་ཡི་ཤུའི་ཆོས་ལུགས་ཀྱི་རིན་ཐང་ངོ་མ་སྤྲོད་གནང་མཁན་སྐུ་ཞབས་ཐོ་མ་སི་མེར་ཊོན་(Thomas Merton) མཆོག་ཡིན། ཁོང་དང་ངོས་ཉིན་ཤས་རིང་བགྲོ་གླེང་དང་གོ་བསྡུར་སྦྱངས་བཤད་བྱེད་སྐབས། ཡི་ཤུ་དང་ནང་ཆོས་ཀྱི་ཉམས་ལེན་ཐོག་འདྲ་ཆོས་མང་པོ་ཞིག་ཡོད་པ་ར་འཕྲོད་བྱུང་། ངོས་རང་དེ་སྔ་ཕ་རན་སིར་བསྐྱོད་སྐབས་ཡུལ་དེའི་ནང་ཡི་ཤུའི་དགོན་པ་ཞིག་ཡོད་པའི་ནང་ཡི་ཤུའི་དགེ་འདུན་པ་ཚོས་ཚེ་གང་བསྒྲུབ་པ་ཉམས་ལེན་གནང་ནས་བཞུགས་ཀྱི་ཡོད་པ་མཇལ་སྐབས། ཡི་ཤུ་དང་ནང་པ་གཉིས་ཀའི་དགོན་པའི་ལམ་སྲོལ་དེ་ཁུངས་གཅིག་ནས་བྱུང་བ་ལྟ་བུའི་ངོ་མཚར་སྐྱེས་བྱུང་།
སྐུ་ཞབས་ཐོ་མ་སི་མེར་ཊོན་མཆོག་གི་ཉིན་རེའི་བྱེད་སྒོ་དེ་དག་ངོས་དང་ཧ་ཅང་འདྲ་པོ་འདུག ངོས་རང་སྔ་དྲོ་ཆུ་ཚོད་ ༣ ཐོག་ལངས་ཀྱི་ཡོད། ཁོང་སྔ་དྲོ་ཆུ་ཚོད་ ༢ ཐོག་བཞེངས་ཀྱི་འདུག ངོས་ལས་ཆུ་ཚོད་གཅིག་སྔ་བ་བཞེངས་ཀྱི་ཡོད། ཁོང་ཡང་ངོས་དང་འདྲ་བར་ཕྱི་དྲོ་སྔ་ཙམ་གཟིམ་གནང་བཞིན་འདུག ཕྱོགས་མཚུངས་མར་ཊིན་ལུ་ཐར་ཀིངྒ་ (Martin Luther King) མཆོག་དང་མ་ཧཱཏྨ་གྷན་དྷི་ (Mahatma Gandhi) དམ་པ་མཆོག་གིས་སྤྱི་དམངས་ཀྱི་ཐོབ་ཐང་ཆེད་འཐབ་རྩོད་དང་བློས་གཏོང་གནང་བ་དེ་དག་ནི་བློ་སྤོབས་སྐྱེ་གཞི་ཞིག་ཡིན་པ་དང་། ལྷག་པར་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་རང་ཉིད་ཧིན་དུའི་ཆོས་པ་ཞིག་ཡིན་ནའང་ཆོས་ལུགས་ཚང་མར་གུས་བརྩི་ཞུ་མཁན་ཞིག་ཡིན། ཆོས་ལུགས་ཕན་ཚུན་དབར་རྩོད་རྙོག་ཡོང་གཞི་རྩ་བ་ནས་མེད་པར་བརྟེན། ཆོས་ལུགས་འདྲ་མིན་ཡོད་པ་ཚང་མ་ཕན་ཚུན་འཆམ་མཐུན་ངང་གནས་དགོས་པ་ཞིག་ཡིན།
ང་ཚོས་ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་པ་ཡིན་པ་བརྗོད་བཞིན་ཡོད་ཀྱང་། གཞི་རྩའི་ལྟ་གྲུབ་སོགས་ཀྱི་རྣམ་གཞག་ཐོག་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། འོན་ཀྱང་མཐར་ཐུག་གི་དམིགས་ཡུལ་ནི་བྱམས་བརྩེའི་བསླབ་བྱ་སྲུང་སྐྱོབ་བྱ་རྒྱུ་གཅིག་མཚུངས་ཆགས་ཡོད། ཆོས་ལུགས་དེ་དག་དམིགས་ཡུལ་གཅིག་ལ་ཐབས་ལམ་འདྲ་མིན་ཡིན་པར་བརྟེན་ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་ལས་དོན་དེར་མཐའ་གཅིག་ཏུ་ཤུགས་རྒྱག་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་གཞས་སྣ་འཁྲབ་སྟོན་ཁག་གཅིག་གཟིགས་འབུལ་ཞུས་རྗེས་མཛད་སྒོ་གྲོལ། དེ་ནས་༸གོང་ས་མཆོག་མངའ་སྡེའི་སྲིད་སྐྱོང་མཆོག་གི་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས། ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་གྷོ་ཧ་ཊི་ནས་ལྡི་ལི་དང་དེ་ནས་མཁའ་ལམ་བརྒྱུད་རྡ་སར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག