ངོ་སྤྲོད།
ཕྱི་འབྲེལ་སྡེ་ཚན
ཐུན་མོང་འཛིན་སྐྱོང་སྡེ་ཚན།།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ངོ་སྤྲོད།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འཛིན་སྐྱོང་བཀོད་ཁྱབ་འོག་ཕྱི་དྲིལ་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་ཕྱི་འབྲེལ་དང་དྲིལ་བསྒྲགས་ལས་དོན་གྱི་འགན་ཁུར་རྐང་ལེན་ཞུ་གི་ཡོད། དེ་ཡང་ཕྱི་དྲིལ་ལས་ཁུངས་ཀྱི་ཐོག་མའི་ལས་དོན་ཕྱག་ལེན་དབུ་འཛུགས་གནང་ཚུལ་ནི། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་བཀའ་ཤག་སྐུ་འཁོར་ཧྲག་བསྡུས་བཅས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ་ཕྱི་ལོ་ ༡༩༥༩ ཟླ་ ༤ ནང་གནས་སྐབས་བཞུགས་སྒར་མ་སུ་རིར་བོད་གཞུང་བཀའ་ཤག་གིས་དབུས་ལས་ཁུངས་ཆེ་ཁག་ལྔ་བསྐྱར་སྒྲིག་བསྐྱངས་པའི་ཁོངས་སུ་དེ་སྔ་བོད་རང་བཙན་སྐབས་ཀྱི་ཕྱི་སྲིད་ཁང་ཡང་བཀོད་སྒྲིག་གནང་ཡོད། ཕྱི་ལོ་ ༡༩༦༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་རྡ་རམ་ས་ལར་སྤོས་གནང་། ཕྱི་སྲིད་དང་དྲིལ་བསྒྲགས་ལས་ཁུངས་ཟླ་སྒྲིལ་གནང་ཡང་ཕྱི་ལོ་ ༡༩༦༩ ཟླ་ ༣ པའི་ནང་ཕྱི་འབྲེལ་གྱི་ལས་དོན་ཞུ་སྒོའི་རིགས་ལྡི་ལི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་གནང་རྒྱུ་གཏན་འབེབས་གནང་ཡོད། རྒྱལ་སྤྱིའི་ནང་བོད་དོན་ཐོག་དོ་སྣང་བྱེད་ཤུགས་ཆེ་རུ་སོང་བ་དང་ཆབས་ཅིག་རང་རེའི་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཆབ་སྲིད་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་གོ་རྟོགས་སྤེལ་རྒྱུ་གལ་ཆེར་གཟིགས་ཏེ་ཕྱི་ལོ་ ༡༩༧༡ ལོར་ཤེས་བྱ་དུས་དེབ་དྲིལ་བསྒྲགས་ལས་ཁུངས་སུ་ཟླ་སྒྲིལ་གྱིས་དྲིལ་བསྒྲགས་ལས་ཁུངས་རྒྱ་བསྐྱེད་གནང་། ཕྱི་ལོ་ ༡༩༨༨ ཟླ་ ༤ ཚེས་ ༤ ཉིན་དྲིལ་བསྒྲགས་ལས་ཁུངས་འོག་ལྡི་ལི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་ཕྱི་འབྲེལ་གྱི་ཞུ་སྒོའི་ལས་དོན་ཁག་སླར་ཡང་བཀོད་སྒྲིག་གནང་སྟེ་བོད་གཞུང་ཕྱི་འབྲེལ་དང་དྲིལ་བསྒྲགས་ལས་ཁུངས་ཞེས་རྩ་བའི་ལས་ཁུངས་གཅིག་ལ་ལས་འགན་གཉིས་སུ་འགན་ཁུར་བཞེས་ཡོད།
ཕྱི་དྲིལ་ལས་ཁུངས་ནས་བོད་མི་རྣམས་དང་རྒྱལ་སྤྱིའི་ཁྲོད་དུ་བོད་ཀྱི་ཆབ་སྲིད་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་གི་གནས་སྟངས་བཅས་ཀྱི་སྐོར་ཤེས་རྟོགས་གོང་འཕེལ་གཏོང་གི་ཡོད། དེའི་ཆེད་ལས་ཁུངས་ནས་བོད་དང་བོད་མིའི་སྐོར་ཕྱག་དེབ་དཔར་སྐྲུན་དང་བརྙན་འཕྲིན་འགྲེམས་སྤེལ་ཞུ་ཡི་ཡོད།
དུས་དེབ་རྣམས་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་བཅས་སྐད་རིགས་གསུམ་གྱི་ཐོག་འདོན་སྤེལ་ཞུ་ཡི་ཡོད། ཕྱི་དྲིལ་ལས་ཁུངས་ནི་འབྲེལ་མཐུད་ལས་ཁུངས་ཀྱི་ངོ་བོར་གྲུབ་ཡོད་པ་དང་། དེས་བཙན་བྱོལ་བོད་གཞུང་དང་རྒྱལ་སྤྱིའི་གསར་འགྱུར་ལས་རིགས་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དབར་འབྲེལ་མཐུད་མཚམས་སྦྱོར་དང་། མཉམ་ལས་ཀྱི་ཐོག་ནས་བོད་དོན་ཁྱབ་བསྒྲགས་ཞུ་ཡི་ཡོད།
ལས་ཁུངས་འདིའི་ཁྱབ་ཁོངས་ཕྱི་རྒྱལ་རྒྱལ་ཁབ་ཁག་བཅུ་གཉིས་ནང་སྐུ་ཚབ་དོན་གཅོད་ལས་ཁང་ཟུར་འཛུགས་གནང་ཡོད། དོན་གཅོད་ལས་ཁང་དེ་དག་ནས་རྒྱལ་ཁབ་གཅིག་གི་གཞུང་ཚབ་ཀྱི་ངོ་བོར་ཕྱག་ལས་ཆ་ཚང་གནང་གི་ཡོད་ཅིང་། དེ་ཡང་ལྡི་ལི་དང་། ཀཐ་མན་ཌུ། ཝ་ཤིང་ཀྲོན་ཌི་སི། ལོན་ཌོན། ཇི་ནི་ཝ། མོ་སོ་ཀོ། ཀེན་སྦེ་ར། ཊོ་ཀི་ཡོ། པེ་རི་ཀྲོ་རི་ཡ། སྦར་སིལ། ཐེ་པེ། ས་འོ་པོ་ལོ་སྦ་ར་ཛིལ། བཅས་སུ་གཏན་གཞི་བྱས་ཡོད་པ་རེད། དེ་དག་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་་ཕྱི་འབྲེལ་སྐུ་ཚབ་ལས་ཁང་རྣམས་ཡིན།
གཞན་ཡང་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་ལས་ཁུངས་གཉིས་ཡོད་པ་སྟེ། སྣར་ཐང་དཔར་ཁང་དང་། ཀམ་པུ་ཊར་སྡེ་ཚན་བཅས་ཡིན།
ཕྱི་དྲིལ་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་སྒྲོམ་གཞི་གཤམ་གསལ་ལྟར་ཁག་གསུམ་དུ་དབྱེ་ཡོད།
ཀ། དྲིལ་བསྒྲགས་སྡེ་ཚན།
ཁ། ཕྱི་འབྲེལ་སྡེ་ཚན།
ག། ཐུན་མོང་འཛིན་སྐྱོང་སྡེ་ཚན།
ཀ། དྲིལ་བསྒྲགས་སྡེ་ཚན།
དྲིལ་བསྒྲགས་སྡེ་ཚན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཆོག་གི་མཛད་འཕྲིན་ཁག་དང་། བོད་བཅས་ཀྱི་དུས་བབ་འཕོ་འགྱུར་གྱི་གནས་ཚུལ་ཁག དེ་བཞིན་རྒྱལ་སྤྱི། རྒྱ་ནག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་བཅས་པའི་འབྲེལ་ཡོད་གནས་ཚུལ་རྣམས་དུས་ལས་མ་ཡོལ་བར་བོད་ཕྱི་ནང་དང་རྒྱལ་སྤྱིའི་ཁྱོན་དྲིལ་བསྒྲགས་དང་། བོད་དོན་ཐད་བདེན་པ་མ་ཡིན་པའི་གནས་ཚུལ་ཐོན་པ་ཁག་ལ་བདེན་པའི་གསལ་བཤད་བྱ་རྒྱུའི་འགན་འཁུར་ཞུ་བཞིན་ཡོད། སྡེ་ཚན་འདིའི་ཁོངས་སུ་ཚན་པ་ཁག་བཞི་ཡོད།
གསར་ཤོག་དང་དྲྭ་རྒྱ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་འགྲེམས་སྤེལ་བྱེད་བཞིན་པའི་གསར་ཤོག་དང་། དུས་དེབ། གསལ་བསྒྲགས། དྲྭ་རྒྱ་བཅས་ཀྱི་དམིགས་ཡུལ་ནི། གཞིས་ལུས་བོད་མིའི་མངོན་འདོད་ཀྱི་འབོད་སྒྲ་ཁག་དང་། རྒྱལ་སྤྱིའི་ནང་བོད་དང་བོད་མིའི་གནས་སྟངས། བོད་མིའི་རང་དབང་གི་རྩོལ་སྒྲུབ་ལས་འགུལ་ཁག་གི་ངོ་བོ་གསལ་སྟོན་བྱ་རྒྱུ་དེ་ཡིན།
ཀ། བོད་ཡིག་ཚན་པ།
ཤེས་བྱ།
- ཟླ་རེའི་གསར་འགྱུར་དུས་དེབ་འདི་ནི་ཕྱི་ལོ་ ༡༩༦༨ ཟླ་ ༡༠ ནང་ཐོག་མར་འདོན་སྤེལ་འགོ་འཛུགས་ཞུས་ཡོད་པ་བཞིན་ད་ལྟའང་མུ་མཐུད་འདོན་སྤེལ་ཞུ་མུས་ཡིན།
- དུས་དེབ་འདིའི་ནང་གཙོ་ཆེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་རིམ་ཁག་རྒྱས་གླེང་དང་།
- བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཁག་རྒྱས་བཤད། དེ་བཞིན་བོད་ནང་གི་གནས་སྟངས་དང་།
- རྒྱལ་སྤྱི་དང་རྒྱ་ནག་ནང་གི་འགྱུར་བ་གལ་ཆེ་ཁག་ཞིབ་རྒྱས་འགོད་སྤེལ་གྱིས་དྲིལ་བསྒྲགས་བྱེད་བཞིན་ཡོད།
བོད་མིའི་རང་དབང་།
- བདུན་རེའི་ལས་རིམ་གསར་ཤོག་བོད་མིའི་རང་དབང་འདི་ནི་ཕྱི་ལོ་ ༡༩༦༠ ལོར་རང་དབང་གསར་ཤོག་ཅེས་པའི་མིང་ཐོག་རྡོར་གླིང་ནས་འདོན་སྤེལ་ཞུས་ཡོད་པ་ད་ལྟའང་མུ་མཐུད་འདོན་སྤེལ་ཞུ་མུས་ཡིན།
- གསར་ཤོག་འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བོད་ཡིག་གསར་ཤོག་ཐོག་མ་དེ་ཡིན། ད་ལྟའི་ཆར་གསར་ཤོག་འདི་བདུན་རེར་འདོན་ཐེངས་རེ་དཔར་སྐྲུན་འགྲེམས་སྤེལ་ཞུས་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཙོ་གྱུར་རྒྱ་གར་དང་། ཕྱི་རྒྱལ་དུ་ཡོད་པའི་ཁྱབ་ཁོངས་ལས་ཁུངས་ཁག་བཅས་པའི་ལས་དོན་གྱི་གསར་འགྱུར་སྙིང་བསྡུས་འདོན་སྤེལ་བྱེད་བཞིན་ཡོད།
གལ་ཆེའི་དྲིལ་བསྒྲགས་ཡིག་ཆ།
- བོད་ཡིག་ནང་དུས་ཚོད་ངེས་མེད་དཔར་འགྲེམས་བྱེད་བཞིན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ་འདི་ནི་ཕྱི་ལོ་ ༡༩༩༤ ལོར་འདོན་སྤེལ་ཞུ་འགོ་ཚུགས། འདིའི་ནང་གཞིས་བྱེས་བོད་མི་ཡོངས་ཀྱིས་ངེས་པར་མཁྱེན་རྟོགས་དགོས་པའི་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་དང་།
- གྲོས་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཀྱི་གསལ་བཤད་ཁག གལ་ཆེའི་དཔྱད་གཞི་ཁག རྩ་འཛིན་ཡིག་ཆ་ཁག འཛིན་སྐྱོང་ལམ་སྟོན་སོགས་འགོད་སྤེལ་བྱེད་བཞིན་ཡོད།
བོད་ཡིག་དྲ་རྒྱ་འདི་ཐོག་མ་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༥ ནས་འདོན་སྤེལ་ཞུ་འགོ་བཙུགས་ཡོད། དྲ་རྒྱ་འདིའི་ཐོག་ཉིན་རེའི་གནས་ཚུལ་རྣམས་ཁ་གསལ་ལ་གནས་ཚུལ་མགོ་མཇུག་ལྡན་ཞིང་ཁུངས་དང་ལྡན་པ་བོད་ཡིག་དྲ་གནས་ www.bod.asia འདིའི་ཐོག་འདོན་སྤེལ་ཞུས་དང་ཞུ་བཞིན་ཡོད།
ཁ། ཨིན་ཡིག་ཚན་པ།
ཨིན་ཡིག་བྷོ་ལི་ཌིན། (Tibetan Bulletin)
གསར་འཕྲིན་འདི་ནི་ཕྱི་ལོ་ ༡༩༦༣ ཟླ་ ༡༢ ནང་ཐོག་མར་འདོན་སྤེལ་ཞུ་འགོ་ཚུགས།
དུས་དེབ་འདི་ཟླ་བ་གཉིས་རེའི་མཚམས་སུ་འདོན་སྤེལ་ཞུ་བཞིན་ཡོད།
འདིའི་ནང་བོད་ཀྱི་གསར་འགྱུར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཟབ་མོ་ཁག བཀའ་སློབ་ཁག བཅར་འདྲིའི་རིགས། བཀའ་ཤག་གི་སྲིད་བྱུས་ཁག དེ་བཞིན་བོད་འབྲེལ་དཔྱད་རྩོམ་གལ་ཆེའི་རིགས་ཟུར་འདོན་གྱིས་འགོད་སྤེལ་བྱེད་བཞིན་ཡོད།
ག། དྲྭ་རྒྱ་ཚན་པ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་དང་། ཨིན་ཡིག རྒྱ་ཡིག་བཅས་སྐད་ཡིག་གསུམ་ཐོག་ཡོདབོད་ཀྱི་དྲྭ་གནས་ www.tibet.net འདི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་དང་ལས་དོན་སྲིད་བྱུས་བཅས་དྲིལ་བསྒྲགས་བྱེད་པའི་བརྒྱུད་ལམ་གཙོ་བོ་དེ་ཡིན།
དྲྭ་གནས་འདིའི་ནང་༸གོང་ས་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་འཆར་གལ་ཆེ་ཡོངས་རྫོགས། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང་མི་སྣ་ངོ་སྤྲོད་སོགས་ཕྱིས་སྐྱོན་མེད་པར་དུས་ཐོག་སྒྲིག་འཇུག་བྱེད་མུས་མ་ཟད། ཉིན་རེ་བཞིན་གསར་འགྱུར་དང་གནས་ཚུལ་སྒྲིག་འཇུག་ཆད་མེད་ཞུ་བཞིན་ཡོད།
གཞུང་འབྲེལ་གྱི་དྲྭ་རྒྱ་གཞན་ཚང་མ་ (link) འདི་དང་མཉམ་དུ་མཐུད་ཡོད།
ང་། བོད་ཀྱི་བརྙན་འཕྲིན།
ཚན་པ་འདིས་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྤྱི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་བྱེད་སྒོ་རྣམས་བརྙན་འཕྲིན་པར་ལེན་དང་ཕྱོགས་སྒྲིག་གིས་གཞིས་བྱེས་བོད་མི་གཙོ་གྱུར་ཕྱི་ནང་མང་ཚོགས་ལ་དྲིལ་བསྒྲགས་ཞུ་བཞིན་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཙོ་གྱུར་བོད་ནང་གི་གནས་སྟངས་ཁག་རྒྱལ་སྤྱིའི་ནང་གསལ་སྟོན་བྱ་རྒྱུར་ཆེད་བརྗོད་གློག་བརྙན། བརྙན་འཕྲིན་གསར་འགྱུར། བཅར་འདྲི་སོགས་ཀྱི་ལས་རིམ་བཟོ་བསྐྲུན་གྱིས་ www.tibetonline.tv དྲྭ་རྒྱ་དང་སྤྱི་ཚོགས་དྲྭ་ལམ་ www.youtube.com/@ctaonlinetvhttps://www.facebook.com/CTATIBETTV/ https://www.instagram.com/ctatibettv/ https://www.apple.com/apple-podcasts/ བཅས་ཀྱི་ཐོག་ཐད་གཏོང་ངམ་ལས་རིམ་སྒྲིག་འཇུག་བྱེད་བཞིན་ཡོད། དེ་སྔ་སྒྲ་བརྙན་ཚན་པའི་ཁོངས་སུ་བརྙན་འཕྲིན་ཚན་པ་དང་། དྲ་རྒྱའི་བརྙན་འཕྲིན་ཚན་པ་ཞེས་གཉིས་ཡོད་ཀྱང་ཕྱི་ལོ་ ༢༠༠༥ ལོར་ཚན་པ་གཉིས་ཀྱི་ལས་ཀའི་ངོ་བོ་གཅིག་མཚུངས་ཡིན་པའི་ཆ་ནས་ཚན་པ་གཉིས་ཟླ་བསྒྲིལ་གྱིས་མིང་ལ་བོད་ཀྱི་བརྙན་འཕྲིན་ཞེས་བསྒྱུར།
ཅ། འགྲེམས་སྟོན་ཚན་པ།
བོད་ཀྱི་འགྲེམས་སྟོན་ཁང་འདི་ནི་ཡིག་ཆ་དང་། འདྲ་དཔར། བརྙན་ཕབ་སོགས་ཀྱི་དཔྱད་གཞིའི་ལམ་ནས་བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་མ་འོངས་པའི་མདུན་ལམ་གྱི་འཆར་སྣང་སོགས་ཀྱི་ཡིག་ཚགས་མཁོ་འདོན་ཆེད་ཕྱི་ལོ་ ༡༩༩༨ ལོར་གསར་གཏོད་གནང་ཡོད།
འགྲེམས་སྟོན་ཁང་གི་དམིགས་ཡུལ་ནི།
བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་། རྒྱའི་བཙན་འོག་རྐྱེན་འདས་སུ་གྱུར་བའི་བོད་མི་རྣམས་ལ་དྲན་གསོ་ཞུ་བཞིན་པ།
བོད་མིའི་རེ་བ་དང་འདུན་པ་ངོ་སྤྲོད་ཞུ་བཞིན་པ།
གཏན་འཇགས་དང་གནས་སྐབས་རིང་གི་དམིགས་བསལ་འགྲེམས་སྟོན་དང་། གསུང་བཤད། དམིགས་བསལ་ལས་འགུལ་བཅས་གོ་སྒྲིག་ཞུ་བཞིན་པ། དེ་བཞིན་ས་ཁུལ་གང་སར་འགྲུལ་བཞུད་ཀྱི་འགྲེམས་སྟོན་དང་། ཤེས་རིག་གི་ལས་དོན་བཅས་རྒྱ་བསྐྱེད་ཀྱི་སྒོ་ནས་བོད་ཀྱི་དེང་རབས་ལོ་རྒྱུས་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་ལོ་རྒྱུས་ཁག་མཚོན་པར་བྱེད་བཞིན་ཡོད།
བོད་དང་བོད་མིའི་གནད་དོན་དང་འབྲེལ་བའི་ཡིག་ཆ་དང་། འདྲ་དཔར། དངོས་རྫས། བོད་མི་སྒེར་སོ་སོའི་ལོ་རྒྱུས་བཅས་བསྡུ་རུབ་ཀྱིས་ཡིག་ཚགས་བདག་ཉར་ཞུ་བཞིན་པ།བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། རིག་གཞུང་། བོད་དོན་གྱི་འཐབ་རྩོད། མ་འོངས་པའི་མངོན་འདོད་བཅས་ཀྱི་སྐོར་ངོ་སྤྲོད་ཡིག་ཆ་དང་ཆ་འཕྲིན་གཟིགས་འབུལ་དང་དཔར་སྐྲུན་ཞུ་འོས་ཞུས་ཏེ་འགྲེམས་བསྒྲགས་ཞུས་ཏེ་བོད་མི་རྣམས་ཀྱི་སེམས་ཤུགས་དང་སྤྱི་མཐུན་གྱི་སྤོབས་པ་གོང་མཐོར་གཏོང་བཞིན་པ།
འགྲེམས་སྟོན་ཁང་འདིར་ཚན་པ་ཁག་གསུམ་ཡོད་པ་ནི།
བོད་ཀྱི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་གྱི་རིག་དངོས་ཁག་དང། བོད་ཀྱི་ལོ་རྒྱུས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་བའི་ལས་འགུལ་སྤེལ་ཡུལ། བོད་ཀྱི་ལོ་རྒྱུས་སྐོར་གྱི་ཤེས་ཡོན་གོ་རྟོགས་སྤེལ་ཡུལ་བཅས་ཡོད།
ཚན་པ་གཉིས་པ་ནི་འདྲ་དཔར་ཡིག་ཚགས་ཁང་ཡིན། དེའི་ནང་བོད་ཀྱི་འདས་དང་ད་ལྟའི་ལོ་རྒྱུས་ཀྱི་དཔར་རིགས་རྣམས་བདག་ཉར་བྱེད་བཞིན་པ་དང་། དེས་བོད་ཀྱི་སྐོར་རྩོམ་འབྲི་དང་། ཉམས་ཞིབ། དཔེ་དེབ་དཔར་སྐྲུན་བྱེད་མཁན་བཅས་ལ་མཐུན་སྦྱོར་ཞུ་བཞིན་པ།
ཚན་པ་གསུམ་པ་ནི་སྒྲ་ཕབ་དང་བརྙན་ཕབ་ཀྱི་ཡིག་ཚགས་ཁང་ཡིན། དེའི་ནང་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་དང་། བཙན་བཟུང་བྱས་རྗེས་སུ་བོད་ནང་འཚོ་བ་དངོས་མྱོང་བྱུང་བའི་བོད་མི་རྣམས་ཀྱི་ལོ་རྒྱུས་བརྙན་ཕབ་ཞུ་བཞིན་པ། དེ་བཞིན་འདས་དང་ད་ལྟའི་བོད་སྐོར་གྱི་བརྙན་ཕབ་སྤྱིན་ཤོག་བདག་ཉར་བྱེད་བཞིན་པ། བོད་མི་སྤྱི་ཡོངས་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་བརྒྱུད་རིམ་དང་། དེའི་ངན་འབྲས་ཅི་བྱུང་སྐོར་གྱི་གནས་ཚུལ་མཁོ་སྒྲུབ་བཅས་བྱེད་བཞིན་ཡོད། འགྲེམས་སྟོན་ཁང་གིས་དེང་སྐབས་ཞུ་བཞིན་པའི་ལས་དོན་ཁག་གི་གནས་ཚུལ་མཁྱེན་འདོད་མཆིས་ཚེ་དྲྭ་གནས་ www.thetibetmuseum.org འདིར་གཟིགས་དགོས།
ཆ། རྩོམ་སྒྱུར་དང་པར་སྐྲུན་ཚན་པ།
གཞུང་འབྲེལ་གྱི་གལ་ཆེའི་གསུང་འཕྲིན་དང་། གསུང་བཤད། གལ་ཆེའི་ཡིག་ཆ་གཞན་ཡིག་སྒྱུར་ཞུ་དགོས་ཁག་ཡིག་སྒྱུར་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་མཛད་བྱུས་དང་ལོ་རྒྱུས་ཐོག་གལ་ཆེའི་ཡིག་ཆ་ཁག་ཕྱོགས་སྒྲིག་གིས་དེབ་ཁག་དཔར་སྐྲུན་ཞུས་ཏེ་དུས་ཐོག་འགྲེམས་སྤེལ་བྱེད་བཞིན་ཡོད།
ཇ། བརྒྱུད་ལམ་འབྲེལ་མཐུད་སྡེ་ཚན།
སྡེ་ཚན་འདིའི་ལས་འགན་ཁག་ནི།
རྒྱལ་སྤྱི་དང་རྒྱ་གར་ནང་གི་གསར་འགོད་པ་ཁག་ལ་སྣེ་ལེན་རོགས་ཕན་དང་། བོད་དང་བོད་མིའི་འབྲེལ་ཆགས་ཀྱི་གནས་ཚུལ་མཁོ་སྤྲོད་ཞུ་བཞིན་པ།
གསར་འགོད་པ་དང་རྩོམ་བྲིས་པ་ཁག་ལ་དཔེ་དེབ་དང་། བརྙན་དཔར། དཔར་རིས་བཅས་ཀྱི་དཔྱད་གཞིའི་རྒྱུ་ཆ་ཁག་མཁོ་སྤྲོད་ཞུ་བཞིན་པ།
ཉམས་ཞིབ་པ་དང་གསར་འགོད་པ་ཁག་ལ་བཅར་དྲིའི་ལས་རིམ་གོ་སྒྲིག་དང་སྐད་སྒྱུར་གྱི་སྲི་ཞུ་སྒྲུབ་བཞིན་པ།
གསར་འགོད་པ་ཁག་ལ་༸གོང་ས་མཆོག་གི་མཇལ་ཁ་གོ་སྒྲིག་གི་སྲི་ཞུ་སྒྲུབ་བཞིན་པ།
གཞུང་འབྲེལ་གསར་འགོད་ཚོགས་འདུ་གོ་སྒྲིག་དང་། གསལ་བསྒྲགས་ཁག་འགྲེམས་སྤེལ་བཅས་བྱེད་བཞིན་ཡོད།
ཕྱི་འབྲེལ་སྡེ་ཚན།
ཁ། ཕྱི་འབྲེལ་སྡེ་ཚན།
ཕྱི་འབྲེལ་སྡེ་ཚན་ནས་ཕྱོགས་སྒྲིལ་སྤངས་ཤིང་། བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་ཕྱི་འབྲེལ་ལྟ་གྲུབ་དང་། སྲིད་བྱུས་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་སྒྲིག་འཛུགས་ཁག་ལ་འབྲེལ་མཐུད་གོང་མཐོར་གཏོང་རྒྱུ་དང་། བོད་དོན་ཐོག་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཐོབ་ཐབས་སུ་འགན་ཁུར་ཞུ་རྒྱུ་ནི་བསྒྲུབ་བྱ་གཙོ་བོ་ཡིན།
ཁ། ཕྱི་འབྲེལ་སྡེ་ཚན།
སྡེ་ཚན་འདིར་ཚན་པ་དྲུག་ཡོད།
༡། སྐུ་ཚབ་དོན་གཅོད་ཚན་པ།
ཕྱིའི་རྒྱལ་ཁབ་ཁག་བཅུ་གཉིས་ནང་སྐུ་ཚབ་དོན་གཅོད་ལས་ཁུངས་ཟུར་འཛུགས་གནང་ཡོད། དོན་གཅོད་ལས་ཁུངས་དེ་དག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་ངོ་བོ་མཚོན་ཞིང་། དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི། སུད་སིའི་གྲོང་ཁྱེར་འཇི་ནི་ཝ། ཉི་འོང་གི་རྒྱལ་ས་ཊོཀ་ཡོ། དབྱིན་ཡུལ་རྒྱལ་ས་ལོན་ཌོན། ཨོ་སི་ཏྲོ་ལི་ཡའི་རྒྱལ་ས་ཁན་སྦེ་ར། ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོ། ལྷོ་ཨཕ་རི་ཀའི་རྒྱལ་ས་པིརི་ཊོ་རི་ཡ། བེལ་ཇམ་གྱི་རྒྱལ་ས་སྦིར་སལ་དང་དེའི་ཡན་ལག་ལས་ཁུངས་ཕ་རན་སི་རྒྱལ་ས་པེ་རི་སིར་ཡོད། ཐེ་ཝན་རྒྱལ་ས་ཐེ་པེ། སྦ་ར་ཛིལ་གྲོང་ཁྱེར་ས་འོ་པོ་ལོ་བཅས་སུ་རྟེན་གཞི་བྱས་ཡོད། སྐུ་ཚབ་དོན་གཅོད་ཁང་ཁག་ནས་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག མི་སྒེར་གནད་ཡོད་ཁག་བཅས་ལ་མཛའ་འབྲེལ་གསར་གཏོད་དང་མཇུག་གནོན། གོང་གསལ་སྒྲིག་འཛུགས་ཁག་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་མཛད་བྱུས་ཁག་དང་བོད་ནང་གི་དཀའ་རྙོག་ཁག་གི་གནས་ཚུལ་ཁག་སྐབས་འཕྲལ་མཁོ་སྤྲོད་ཞུས་ཏེ་རྒྱབ་སྐྱོར་སྐུལ་སྤེལ་བྱེད་བཞིན་ཡོད།
སྐུ་ཚབ་དོན་གཅོད་ཁང་ཁག་དང་འབྲེལ་བ་གནང་ཡུལ་ཁ་བྱང་ ( སྐུ་ཚབ་དོན་གཅོད་ཁང་ཁག ) འདིར་གཟིགས་དགོས།
༢། བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚན་པ།
བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚན་པའི་ཞུ་སྒོའི་ལས་དོན་གཙོ་བོ་ཁག་ནི།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་བྱུས་དང་། བོད་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དུས་ཐོག་ཏུ་ངོ་སྤྲོད་ཞུ་བཞིན་པ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མཚམས་སྦྱོར་གྱི་འབྲེལ་མཐུད་ཞུ་བཞིན་པ།
བཞུགས་སྒར་དུ་འཚམས་གཟིགས་ཕེབས་མཁན་ཆབ་སྲིད་དང་། ཆོས་ལུགས། སྤྱི་ཚོགས་བཅས་ཀྱི་འགན་ཁུར་བའི་བོད་དོན་རྒྱབ་སྐྱོར་བ་དང་། གསར་འགྱུར་ལས་རིགས་པ། ཉམས་ཞིབ་པ། བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་ཁུར་བ་སོགས་དོན་གཉེར་ཅན་རྣམས་ལ་སྣེ་ལེན་དང་། རྒྱུས་སྟོན་གྱི་མཚམས་སྦྱོར་ཞུ་སྒོ་ཁག་འཐུས་ནན་ཞུ་བཞིན་པ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་རྒྱུན་ལས་ཚོགས་ཆུང་ནང་ཟུར་ཉན་གྱི་འགན་ཁུར་ཞུ་བཞིན་པ།
བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་རྒྱལ་སྤྱིའི་ཚོགས་ཆེན་གོ་སྒྲིག་ཞུ་རྒྱུར་མཐུན་འགྱུར་ཞུ་བཞིན་པ།
བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ལས་དོན་ཇི་ཞུས་དང་ལས་འགུལ་ཇི་སྤེལ་ཁག་ཐོ་འགོད་ཀྱིས་སྙན་ཐོ་ཉར་ཚགས་བྱེད་བཞིན་པ། འཛམ་གླིང་ཁྱོན་དུ་བོད་དོན་ལས་འགུལ་གྱི་གནས་སྟངས་ཇི་ཆགས་སྐོར་ལོ་འཁོར་ལས་བསྡོམས་བཟོ་འབུལ་བཅས་བྱེད་བཞིན་ཡོད།
འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་ཇི་སྤེལ་གྱི་གནས་ཚུལ་སླད་དྲྭ་གནས་ /tb/diir/wwtm འདིར་གཟིགས་དགོས།
༣། རྒྱ་ཡིག་ཚན་པ།
ཚན་པ་འདི་ནི་ཕྱི་ལོ་ ༡༩༩༤ ལོར་གསར་འཛུགས་གནང་ཞིང་། དམིགས་ཡུལ་གཙོ་བོ་ནི་རྒྱ་མི་རིགས་ལ་འབྲེལ་ལམ་གྱིས་བོད་དོན་ཐོག་གོ་རྟོགས་གོང་སྤེལ་ཞུ་བཞིན་ཡོད། ཚན་པའི་ལས་དོན་ཁག་ནི།
ཕྱི་སྡོད་རྒྱའི་མི་རིགས་ལ་འབྲེལ་ལམ་འཛུགས་རྒྱུ་དང་། ཚོགས་འདུ་དང་བགྲོ་གླེང་སོགས་བརྒྱུད་བོད་ཀྱི་གནས་ཚུལ་ཁག་མཁོ་སྤྲོད་དང་ཁྱབ་སྤེལ་བྱེད་བཞིན་པ། དེ་བཞིན་བཞུགས་སྒར་ཁུལ་དུ་འཚམས་གཟིགས་ལ་ཕེབས་པའི་སྐུ་མགྲོན་ཚོར་སྣེ་ལེན་ཞུ་རྒྱུ་དང་། དེ་འབྲེལ་སྐུ་མགྲོན་ཚོའི་ལས་འཆར་གོ་སྒྲིག་དང་སྣེ་ཤན་ཞུ་བཞིན་ཡོད།
རྒྱ་ཡིག་གཞུང་འབྲེལ་དྲྭ་གནས་ www.xizang-zhiye.org ནང་བོད་ཀྱི་ངོ་སྤྲོད་དང་། བོད་དོན་སྐོར་གྱི་གསར་གནས་ཁག་དུས་ཐོག་འགྲེམས་སྤེལ་བྱེད་བཞིན་པ།
རྒྱ་ཡིག་ (Tibetan Bulletin) (Xi Zang Tong Xun) ཟླ་གཉིས་ཀྱི་དུས་དེབ་འདོན་སྤེལ་བྱེད་བཞིན་པ། རྒྱ་ཡིག་དུས་དེབ་ཁག་རྒྱ་ཡིག་དྲྭ་གནས་ www.xizang-zhiye.org འདིར་གཟིགས་དགོས།
དཔེ་དེབ་ཁག་རྒྱ་ཡིག་་ཐོག་ཡིག་སྒྱུར་དང་དཔར་སྐྲུན་བྱེད་བཞིན་པ་བཅས་ཡིན།
༤། མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན། འགྲོ་བ་མིའི་ཐོབ་ཐང་ཚན་པ།
ཚན་པའི་ལས་དོན་ཞུ་སྒོ་གཙོ་བོ་ཁག་ནི།
རྒྱུན་གཏན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཉམས་ཞིབ་ཀྱིས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་གནས་ཚུལ་མཁོ་འདོན་བྱེད་བཞིན་པ།
མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་སོགས་ནས་བཏོན་པའི་བོད་དོན་སྐོར་གྱི་སྙན་ཐོར་ཞིབ་འཇུག་དང་ཕྱོགས་བསྡུས་བྱེད་བཞིན་པ།
བོད་ཀྱི་ཆབ་སྲིད་བཙོན་པ་ཁག་གི་གནས་ཚུལ་ལ་དུས་ཐོག་ཞིབ་འཇུག་གིས་འབྲེལ་ཡོད་ཁག་ལ་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་ཡོད།
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གོ་རྟོགས་སྤེལ་རྒྱུ་དང་གླེང་སློང་ཡོང་ཆེད་རྒྱལ་སྤྱིའི་ཚོགས་འདུ་ཁག་དང་། བགྲོ་གླེང་། དེ་བཞིན་ཟབ་སྦྱོང་སོགས་ལ་འཛུལ་ཞུགས་གང་ཐུབ་བྱེད་བཞིན་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་འདུ་དང་འབྲེལ་ཡོད་ཚོགས་ཆུང་ཁག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སུད་སི་སྐུ་ཚབ་དོན་གཅོད་ཁང་བརྒྱུད་ངོ་སྤྲོད་ཡིག་ཆ་དུས་ནས་དུས་སུ་མཁོ་སྤྲོད་བྱེད་བཞིན་ཡོད།
༥། སྣེ་ཤན་སྡེ་ཚན།
བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་འཚམས་གཟིགས་དང་། སྐུ་མགྲོན་དུ་འབྱོར་བའི་ཕྱི་རྒྱལ་གྱི་གནད་ཡོད་མི་སྣར་གཞུང་འབྲེལ་སྣེ་ལེན་ཞུ་རྒྱུ་ལས་འགན་གཙོ་བོ་ཡིན། སྐུ་མགྲོན་རྣམ་པའི་མཛད་འཆར་གོ་སྒྲིག་དང་དེའི་འབྲེལ་མཐུད་བྱེད་བཞིན་པ། གཞུང་དང་བོད་མིའི་སྒྲིག་འཛུགས་ཁག་ཏུ་འཚམས་གཟིགས་སྐབས་སུ་སྣེ་ཤན་དང་། གཞུང་འབྲེལ་མི་སྣ་དང་སྒེར་པ་ཁག་མཉམ་ཚོགས་འདུ་གོ་སྒྲིག་བྱེད་བཞིན་པ། དེ་བཞིན་བོད་ཀྱི་ཆོས་དང་། རིག་གཞུང་། ཆབ་སྲིད་སོགས་ཀྱི་སྐོར་སྐུ་མགྲོན་ཁག་ལ་རྒྱུས་སྟོན་གྱི་མཐུན་སྱོར་ཞུ་འོས་འཐུས་ནན་སྒྲུབ་བཞིན་པ་བཅས་ཡིན།
ཐུན་མོང་འཛིན་སྐྱོང་སྡེ་ཚན།
ཕྱི་དྲིལ་ལས་ཁུངས་ཀྱི་ཐུན་མོང་འཛིན་སྐྱོང་སྡེ་ཚན་ནས་རྩིས་ཀྱི་ཚན་པ་དང་། ཡིག་ཆ་གསོག་འཇོག་ཚན་པ། གསར་ཤོག་དང་དུས་དེབ་འགྲེམས་སྤེལ་ཚན་པ། སྒེར་དྲུང་དང་སྣེ་ལེན་ཚན་པ། ལས་བྱ་ཚན་པ་བཅས་དང་། སྡེ་ཚན་འདིའི་ཁྱབ་ཁོངས་སུ་ཀམ་པུ་ཊར་ཚན་པ་དང་སྣར་ཐང་པར་ཁང་བཅས་ཀྱི་འཛིན་སྐྱོང་ལས་དོན་ཞུ་སྒོ་ཁག་གི་འགན་ཁུར་ལེན་བཞིན་ཡོད། སྡེ་ཚན་འདིར་ཚན་པ་རྣམས་གཤམ་གསལ།
༡། རྩིས་ཀྱི་ཚན་པ།
ཕྱི་དྲིལ་ལས་ཁུངས་དང་ཁྱབ་ཁོངས་སྡེ་ཚན། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་བཅས་ཀྱི་སྔོན་རྩིས་འཆར་འབུལ་དང་། གཏོང་ལེན་རྩིས་ཞུ། རྩིས་ཁྲ་འབྲི་ཉར་སོགས་འབྲེལ་ཡོད་ཞུ་སྒོ་ཁག་འཐུས་ནན་བྱེད་བཞིན་པ།
༢། དེབ་དང་གསར་ཤོག་འགྲེམས་སྤེལ་ཚན་པ།
ཕྱི་དྲིལ་ལས་ཁུངས་ནས་དཔར་སྐྲུན་ཞུས་པའི་དེབ་དང་། དུས་དེབ། གསར་ཤོག བརྙན་འཕྲིན་འཁོར་ཐག་བཅས་ཆ་ཚང་དུས་ཐོག་འགྲེམས་སྤེལ་དང་། མངགས་ཉོ་བའི་མཚན་བྱང་དེབ་བཀོད་ཀྱིས་གསར་རིན་དུས་ཐོག་རྩིས་ཞུ་སོགས་ཀྱི་ལས་དོན་བྱེད་བཞིན་ཡོད།
༣། ཡིག་ཆ་གསོག་ཁང་ཚན་པ།
ཕྱི་དྲིལ་ལས་ཁུངས་སུ་ཕུལ་འབྱོར་བྱུང་བའི་ཡིག་ཆ་དང་དེབ་ཁག་དུས་ཐོག་དེབ་བཀོད་དང་། གསར་ཤོག་དང་དྲྭ་རྒྱ་སོགས་ནང་ཐོན་པའི་བོད་དོན་སྐོར་གྱི་གནས་ཚུལ་ལ་དཔྱད་ཞིབ་ཐོག་གོང་རིམ་ལ་དུས་ཐོག་སྙན་གསན་ཞུ་རྒྱུ། རྒྱལ་སྤྱིའི་གསར་འགྱུར་ཐོག་ཐོན་པའི་གནས་ཚུལ་གལ་ཆེ་ཁག་གོང་རིམ་དབུ་ཁྲིད་དང་གསར་འགྱུར་རྩོམ་སྒྲིག་ཁང་ཁག་ལ་མཚམས་སྦྱོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་དཔྱད་གཞིར་སྒྲིག་བཀོད་སོགས་ཀྱི་འགན་ཁུར་རྐང་ལེན་བྱེད་བཞིན་ཡོད།
༤། སྒེར་དྲུང་དང་སྣེ་ལེན་ཚན་པ།
ཚན་པ་འདིས་བཀའ་བློན་དང་དྲུང་ཆེ་རྣམ་པའི་ཡིག་འབྲེལ་སྲི་ཞུ་དང་། ཕྱི་མི་ངོ་བཅར་བ་རྣམས་ལ་སྣེ་ལེན་དང་འབྲེལ་མཐུད་ཀྱི་ལས་དོན་ཇི་དགོས་ཀྱི་སྲི་ཞུ་སྒྲུབ་བཞིན་ཡོད།
༥། ལས་བྱ་ཚན་པ།
ཡིག་གད་དང་། ཁ་ལོ་བ་སོགས།།
༦། སྣར་ཐང་པར་ཁང་།
དེ་སྔའི་གཞུང་འབྲེལ་མིན་པའི་ཤེས་བྱའི་དུས་དེབ་དང་། དེའི་པར་ཁང་བཅས་པ་ཕྱི་ལོ་ ༡༩༧༡ ལོར་དྲིལ་བསྒྲགས་ལས་ཁུངས་སུ་ཟླ་སྒྲིལ་བཏང་སྟེ་གཞུང་འབྲེལ་དུ་མིང་སྒྱུར་ཞུས་པ་དང་། པར་ཁང་འདི་ཕྱི་ལོ་ ༡༩༨༩ ལོར་སྣར་ཐང་པར་ཁང་ཞེས་པར་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད། པར་ཁང་འདི་ནི་ཐོག་མ་ཟླ་རེའི་ཤེས་བྱ་དུས་དེབ་པར་སྐྲུན་ཆེད་གསར་འཛུགས་གནང་བ་ཞིག་ཡིན་ཡང་། འདས་པའི་ལོ་མང་རིང་ནས་པར་ཁང་གི་ལས་དོན་རྒྱ་བསྐྱེད་བཏང་སྟེ། དེང་ཆར་ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་བྱེད་བཞིན་པའི་དུས་དེབ་དང་། གསར་ཤོག ཡིག་ཆ། དེབ་རིགས་བཅས་དང་། དེ་མིན་གཞུང་འབྲེལ་ལས་ཁུངས་གཞན་ཁག་གི་དེབ་དང་། བྱུང་སོང་གི་འཛིན་ཤོག འགེངས་ཤོག་སོགས་ཀྱི་པར་སྐྲུན་གྱི་སྲི་ཞུ་སྒྲུབ་བཞིན་ཡོད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་སའི་གོ་ལའི་ཐོག་ཡོད་པའི་རང་རེའི་མཁས་པ་དང་ཉམས་ཞིབ་པ་ཚོས་བློ་གྲོས་ཀྱི་ནུས་མཐུ་སྤེལ་ཡུལ་གྱི་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་རྒྱུའི་འབད་བརྩོན་ཞུ་རྒྱུ་དང་སྦྲགས་རྒྱལ་སྤྱིའི་ཐོག་བོད་དང་བོད་མིའི་གནད་དོན་ཁག་གསལ་ཁ་དོད་པོས་ཁྱབ་བརྡལ་གཏོང་རྒྱུ་དང། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཁས་པའི་བང་མཛོད་ལྟ་བུར་མ་འོངས་པར་བོད་དང་བོད་མིར་འཕྲད་ངེས་ཀྱི་དཀའ་ངལ་ཁག་ལ་གདོང་ལེན་བྱ་ཐབས་ཀྱི་ལས་བྱུས་ཁག་དཔལ་ལྡན་བཀའ་ཤག་ལ་སྙན་གསན་གྱིས་དགོངས་པའི་དཔྱད་གཞིར་འབུལ་རྒྱུ་བཅས་ཡིན། སྲིད་བྱུས་ཉམས་ཞིབ་ཁང་གི་ཁྱབ་ཁོངས་སུ་ཁོར་ཡུག་དང་འཛུགས་སྐྲུན་ཚན་པ་ཞིག་ཀྱང་ཡོད།
ཁོར་ཡུག་དང་འཛུགས་སྐྲུན་ཚན་པ་ནི་ཕྱི་ལོ་ ༡༩༩༠ ཟླ་ ༣ པའི་ནང་གསར་འཛུགས་གནང་ཡོད། དེ་གོང་ཁོར་ཡུག་ཚན་པ་ཞེས་འབོད་ཀྱི་ཡོད། བཙན་བྱོལ་སྤྱི་ཚོགས་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་གོང་མཐོར་སྤེལ་བཞིན་ ཡོད་པ་མ་ཟད། བོད་ནང་གི་ཁོར་ཡུག་དང་འཛུགས་སྐྲུན་གྱི་ལས་གཞི་ཁག་གི་ཐོག་དམིགས་བསལ་གྱིས་དོ་ སྣང་དང་ཉམས་ཞིབ་བྱེད་བཞིན་ཡོད།
ཚན་པའི་དམིགས་ཡུལ་གཙོ་བོ་ཁག་ནི།
བོད་ནང་གི་ཐོན་ཁུངས་དང་ཁོར་ཡུག་འཛུགས་སྐྲུན་སོགས་ཀྱི་ཐོག་ཞིབ་འཇུག་དང་འབྲེལ་སྙན་ཐོ་འདོན་སྤེལ་བྱེད་བཞིན་པ།
དམིགས་བསལ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དེ་བཞིན་ ཁོར་ཡུག་སྲུང་སྐྱོབས་ཚོགས་པ་ཁག་ལ་སྔར་ལས་ལྷག་པའི་འབྲེལ་བ་དམ་ཟབ་ཞུ་བཞིན་ཡོད
བོད་ནང་གི་བོད་མི་ཚོར་བོད་མཐོ་སྒང་གི་ཁོར་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་ཆེད་ རྒྱ་ནག་གི་རྩ་ཁྲིམས་ལ་གཞིགས་པའི་སློབ་གསོའི་ལམ་ནས་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུ།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་བཞིན་ཡོད།
ཁོར་ཡུག་དང་འཛུགས་སྐྲུན་ལས་གཞིའི་དྲ་གནས་ཁ་བྱང་ནི། Tibet.net/impotant-issue/tibet’s-environment-and development-issue/ ཡིན་པ་བཅས།། །།