༢༠༡༤ ཟླ་ ༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཤི་ལོང་གི་པོ་ལོ་ཐང་ཆེན་polo ground དུ་༸གོང་ས་མཆོག་གིས་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩོལ་སྐབས་ཆེད་ཕེབས་ཀྱིས་བོད་རིགས་རྣམས་ལ་གསུང་བཤད་གནང་ཡོད་པ་མ་ཟད། སམ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམས་ཐུག་འཕྲད་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་ཨ་སམ་གྱི་གྲོང་ཁྱེར་གྷོ་ཧ་ཊིའི་ནང་ཕྱི་ཚེས་ ༢ ཉིན་བོད་ཀྱི་དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་གནང་གྲུབ་བསྟུན། མེ་གྷ་ལ་ཡ་མངའ་སྡེའི་གཞུང་ནས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་ལྟར། མེ་གྷ་ལ་ཡ་མངའ་སྡེའི་རྒྱལ་ས་ཤི་ལོང་དུ་ཕེབས་ཐོན་གནང་འདུག སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལའང་མེ་གྷ་ལ་ཡ་མངའ་སྡེའི་གཞུང་ནས་མངའ་སྡེའི་སྐུ་མགྲོན་དུ་གདན་ཞུས་ལྟར་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཡོད།
སྲིད་སྐྱོང་མཆོག་ཁུལ་དེར་ཉིན་གྲངས་གཉིས་རིང་གི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་མངའ་སྡེའི་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་ཀྱིས་ཆེ་བསྟོད་ཀྱི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཁོང་རྣམ་གཉིས་ཀྱིས་སྲིད་སྐྱོང་མཆོག་ཁུལ་དེར་ཐེངས་དང་པོ་ཕེབས་པར་ཆེ་བསྟོད་མཚོན་སླད་ཉིན་གུང་དང་དགོང་མོའི་གསོལ་ཚིགས་ཀྱང་གོ་སྒྲིག་ཞུས་ཡོད་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་མངའ་སྡེ་གཞུང་གི་དཔོན་རིགས་ཀྱིས་གཙོས་ཤེས་ཡོན་ཅན་དང་ལྷན་ཕན་ཚུན་བསམ་ཚུལ་བརྗེ་ལེན་གྱི་ལྷན་ཚོགས་ཤིག་གི་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་སྐོར་(Democracy in Exile: The Case for Tibet)ལ་གསུང་བཤད་གནང་འདུག ལྷན་ཚོགས་དེའི་ཐོག་མེ་གྷ་ལ་ཡ་མངའ་སྡེའི་བློན་ཆེན་མུ་ཀུལ་སངྒ་མ་མཆོག་དང་། སྤྱི་ཁྱབ་དྲུང་ཆེ། དཔོན་རིགས་བགྲེས་པ་ཁག་གཅིག ཉེན་རྟོག་པའི་འགོ་དཔོན། མར་ཊིན་ལུ་ཐར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག གསར་འགྱུར་བརྒྱུད་ལམ་ཁག་གི་རྩོམ་སྒྲིག་པ་བཅས་མཉམ་ཞུགས་གནང་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། འོས་བསྡུའི་ལམ་ལུགས། དེ་བཞིན་ཁོང་སྲིད་སྐྱོང་དུ་འོས་འདེམས་བྱུང་རྗེས་དཀའ་ངལ་ཁག་ལ་གདོང་ལེན་ཇི་བྱས་སྐོར་གསུང་དོན།
ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཡོད། ངོས་ལ་ཉམས་མྱོང་གང་ཡང་མེད་པའི་ཐོག་ནས་འོས་མིར་ལངས་ཏེ་འོས་འདེམས་བྱུང་བ་རེད། ངོས་རང་འོས་ཤོག་མང་ཤོས་ཐོབ་པར་བརྟེན། ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་ཆ་ཚང་ལེན་དགོས་ཀྱི་ཡོད། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ངོས་ཀྱིས་ཞུ་ཐུབ་རྒྱུ་ཧ་ཅང་ཁག་པོ་ཞིག་རེད། འོན་ཀྱང་ངོས་དང་བོད་སྤྱིའི་ལས་དབང་ལ་གཞི་བཅོལ་ཏེ་ངོས་ཀྱིས་མདུན་སྐྱོད་བྱེད་རྒྱུའི་ཐག་གཅོད་བྱས་ཏེ་ཆབ་སྲིད་ཀྱི་འགན་བླངས་པ་ཡིན། ངོས་ཆབ་སྲིད་ཀྱི་འགན་བླངས་ནས་ད་ཆ་ལོ་གཉིས་ལྷག་ཙམ་ཕྱིན་ཡོད། དུས་ཡུན་དེའི་རིང་ནས་ད་བར་སྤྱི་ཡོངས་ནས་བོད་པའི་སྤྱི་ཚོགས་ནང་ལྷིང་འཇགས་པོ་བྱུང་སོང་། ཞེས་གསུངས།
ལྷག་པར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་སེལ་ཐབས་སྐོར་གྱི་དྲི་བར་ལན་འདེབས་གནང་དོན། ང་ཚོས་བོད་ཀྱི་གནད་དོན་སེལ་ཐབས་སུ་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ལ་ཡིད་ཆེས་བྱེད་བཞིན་ཡོད། བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ཤར་སྐྱོད་བྱེད་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་ པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་གསར་པ་ཞི་ཅིན་ཕིང་གིས་བོད་ཀྱི་གནད་དོན་འཚེ་མེད་ཞི་བ་དང་། གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་ཆབ་སྲིད་ཀྱི་ཆོད་སེམས་དང་བློ་གྲོས་ཀྱི་སྒོ་མོ་ཡངས་པོར་ཕྱེ་སྟེ་བོད་མིའི་འགོ་ཁྲིད་དང་ལྷན་གྲོས་མོལ་བྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་ལན་འདེབས་གནང་།
སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་རང་ཉིད་ཀྱི་ཕ་མེས་ཀྱི་རིགས་རྒྱུད་ཡར་རྗེས་དེད་བྱས་པ་ཡིན་ན་བོད་པའི་རིགས་རྒྱུད་ལ་ཐུག་ཡོད་སྐོར་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་བ་བརྒྱུད་ནས་བོད་མིའི་མང་གཙོའི་གོ་དོན་རྟོགས་ཐུབ་པ་དེར་ཁོང་དང་ཁོང་གི་ལས་རོགས་ཚོར་ཐེངས་འདིར་གོ་སྐབས་བཟང་པོ་ཞིག་ཐོབ་ཡོད་སྐོར་གསུངས་པ་དང་ཆབས་ཅིག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་སྡོད་བོད་རིགས་རྣམས་ཐུག་འཕྲད་གནང་སྟེ་སོ་སོའི་མི་མང་དང་སེམས་ཐག་ཉེ་པོ་གནང་བར་ཡི་རང་བསྔགས་བརྗོད་ཀྱང་ཞུས་འདུག ཕྱི་དྲོ་སྲིད་སྐྱོང་མཆོག་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དགོང་དྲོའི་གསོལ་ཚིགས་དང་གཞས་སྣ་འཁྲབ་སྟོན་གོ་སྒྲིག་ཞུས་པ་ལྟར་ཆེད་ཕེབས་གནང་འདུག