༢༠༡༤ ཟླ་ ༢ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་ཨ་སམ་ (Assam) མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊིར་རྟེན་གཞི་བྱས་པའི་ (Srimanta Sankaradeva Kalakshetra) སྒྱུ་རྩལ་བསྟི་གནས་ཁང་དུ་མོན་པ་དང་འབྲུག་པ། བོད་མི། ས་གནས་རྒྱ་གར་གྱི་ཡུལ་མི་བཅས་ཁྱོན་དད་ལྡན་ཆོས་ཞུ་བ་མི་གྲངས་ ༣༠༠༠ བརྒལ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དངོས་གཞི་མ་སྩལ་སྔོན་ཆོས་ལུགས་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོན་བཀའ་སློབ་ཕེབས་དོན། བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་ཚང་མ་སྔགས་རྒྱུད་མ་གཏོགས་འདུལ་བ་དང་ཐེག་ཆེན་མདོ་སྡེའི་གཞུང་ལག་ལེན་བསྟར་མཁན་གཅིག་གྱུར་ཆགས་ཀྱི་ཡོད་སྟབས། ཆོས་ལུགས་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྱིར་བཏང་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རྣམས་ཕྲན་བུ་མི་འདྲ་བ་དེ་རྒྱུད་སྡེ་མི་འདྲ་བའི་ཐོག་ནས་ཡོང་གི་ཡོད། འོན་ཀྱང་དེ་དག་ཚང་མ་མཁན་སློབ་ཆོས་གསུམ་གྱི་རྗེས་འཇུག་གཅིག་གྱུར་ཆགས་ཡོད། དེར་བརྟེན་ས་དགེ། བཀའ་རྙིང་། ཇོ་ནང་དང་བཅས་པ་རྣམས་རྩ་བའི་དགེ་རྒན་གཅིག་དང་། ཡང་སྒོས་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་མཁན་གཅིག་མཚུངས་ཡིན་མ་ཟད། ལྷག་པར་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པ་གཅིག་གྱུར་ཆགས་ཀྱི་ཡོད།
དེར་བརྟེན་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མིན་ཡག་པོ་མ་ཤེས་པའི་དབང་གིས་ང་རྙིང་མ་དང་། ང་དགེ་ལུགས། ང་ས་སྐྱ། ང་བཀའ་བརྒྱུད་ཅེས་དང་། ནང་གསེས་ང་འབྲི་གུང་བཀའ་བརྒྱུད་སོགས་བརྗོད་ན། གུ་དོག་གི་བསམ་བློ་དང་མཐོང་རྒྱ་ཐོས་རྒྱ་ཆུང་དྲགས་པ་རེད། ང་ཚོ་ཚང་མ་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱའི་རྗེས་སུ་འབྲང་མཁན་དང་དཔལ་ན་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་གྱུར་ཆགས་ཡོད། ནང་གསེས་གདམས་ངག་དམིགས་བསལ་ཅན་དེ་འདྲ་ཡོང་གི་ཡོད་པ་རེད་མ་གཏོགས་རྩ་བ་ཚང་མ་གཅིག་གྱུར་རེད། དེར་བརྟེན་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་ཡོང་རྒྱུའི་རྩ་བ་གཞུང་ཆེན་དེ་དག་ལ་གཞི་བཅོལ་དགོས། སོ་སོས་དད་པ་བྱེད་ཡུལ་གྱི་ཆོས་དེ་གང་འདྲ་ཞིག་ཡིན་པ་ཤེས་པའི་ཐོག་དད་པ་བྱས་ན་ཧ་ཅང་བརྟན་པོ་ཡོད། ང་ཚོའི་བླ་མ་གོང་མ་ཚོའི་གསུང་རྒྱུན་ལ། བླུན་པོ་ཆུ་སྣེ་གང་ཁྲིད། ཅེས་པ་ཞིག་ཡོད། ནང་ཆོས་ལ་དད་པ་ཡོད་ཀྱང་ཆོས་ཀྱི་གནས་ཚུལ་གང་ཡང་མ་ཤེས་སྟབས། མི་རྫུན་ཤོད་མཁན་ཞིག་གིས། ངར་མངོན་ཤེས་དང་སྒྲུབ་རྟགས་ཡོད། ངས་ཁྱེད་རང་ལ་བྱིན་རླབས་སྤྲོད་ཀྱི་ཡིན། ཞེས་བརྗོད་ན། སྐྱབས་སུ་མཆིའོ། ཞེས་བརྗོད་རྒྱུ་དེ་བླུན་པོ་ཆུ་སྣེ་གང་ཁྲིད་ཆགས་ཀྱི་ཡོད་པས་དེ་ལྟར་བྱེད་རྒྱུ་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བ་བྱ་ཡི་གུས་ཕྱིར་མིན། །
ཞེས་གསུངས་ཡོད། དོན་དག་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ངའི་རྗེས་འབྲང་དགེ་སློང་དང་མཁས་པ་སུ་ཞིག་ཡིན་རུང། ངས་བསྟན་པའི་ཆོས་ལ་ཡིད་ཆེས་དང་དད་པ་བྱས་ནས་ཁས་ལེན་བྱེད་དགོས་དོན་མེད། ངས་བཤད་པའི་ཆོས་ལ་ཁྱེད་རང་ཚོས་བརྟག་དཔྱད་དང་ཞིབ་འཇུག ཚོད་ལྟ་བྱས་པའི་ཐོག་ནས་ཕན་ཐོགས་ཡོང་གི་འདུག་ན་ཁས་ལེན་བྱོས། ཞེས་གསུངས་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་ཆེ་བ་སྩལ་ཡོད།