༢༠༡༤ ཟླ་ ༡ ཚེས་ ༤ རེས་གཟའ་མིག་དམར།
༄༅། །རྒྱ་གར་བྱང་ཤར་ཨ་སམ་ (Assam) གྲོང་ཁྱེར་གྷོ་ཧ་ཊི་ནང་རྟེན་གཞི་བྱས་པའི་ཨལ་བི་ཨེ་སི་ (LBS Founders) ཐེབས་རྩ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྷོ་ཧ་ཊིའི་ནེ་ཧ་རུའི་ (Nehru) རྩེད་ཐང་དུ་ཨལ་བི་ཨེ་སི་གསར་འཛུགས་གནང་མཁན་གྱི་རྗེས་དྲན་ཚོགས་འདུར་ཆིབས་སྒྱུར་བསྐྱངས་ཏེ་གྷོ་ཧ་ཊི་ཁུལ་གྱི་ཤེས་ལྡན་མི་སྣ་དང་སློབ་གྲྭ་ཁག་གཅིག་གི་སློབ་ཕྲུག མོན་པ། འབྲུག་པ། བོད་རིགས་བཅས་ཁྱོན་མི་གྲངས་ ༣༠༠༠ བརྒལ་བར་ཞི་བདེ་སྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདི་གར་ཡོང་སྟེ་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་བཏང་ངོས་ཀྱིས་མང་ཚོགས་ལ་གཏམ་བཤད་བྱེད་སྐབས། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་ཏེ་སྐད་ཆ་ཤོད་བཞིན་ཡོད། གལ་ཏེ་རང་གཅེས་འཛིན་གྱིས་ལྟ་བ་ཤུགས་ཆེ་འཛིན་ན། སྤྱི་ཚོགས་དང་རང་ཉིད་ལ་དཀའ་ངལ་དུ་མ་ཞིག་འཕྲད་ངེས་རེད།
ད་ལྟའི་དུས་རབས་འདི་བཞིན་དུས་རབས་ཉེར་གཅིག་ཡིན་པར་བརྟེན། ང་ཚོ་ཚང་མས་འགྲོ་བ་མི་སྤྱི་ཡོངས་ཀྱི་འབྱུང་འགྱུར་ཐོག་འགན་ཁུར་ལེན་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་དྲག་ཤུགས་དང་འཚེ་བ་བརྒྱུད་ནས་དཀའ་ངལ་སེལ་ཐབས་བྱེད་རྒྱུ་ནི་ནོར་འཁྲུལ་གྱི་བསམ་བློ་གཏོང་སྟངས་ཤིག་ཆགས་ཡོད། དེར་བརྟེན་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་འཚེ་མེད་ཞི་བ་དང་ཤེས་ཡོན་སློབ་གསོ་བརྒྱུད་ནས་སེེལ་ཐབས་བྱེད་དགོས། སྤྱིར་བཏང་ཁྱེད་རང་ཚོ་ཨ་སམ་གྱི་མི་མང་དང་ཨ་རུ་ན་ཅལ་མི་མང་ཚོས་འདས་པའི་ལོ་བརྒྱ་ཕྲག་དེའི་རིང་རང་ཉིད་ཨ་སམ་གྱི་མི་ཡིན་བསམས་པ་དང་། ཡང་ན་ཨ་རུ་ན་ཅལ་མི་མང་གིས་རང་ཉིད་མོན་པ་ཡིན་བསམས་ནས་བསྡད་ཡོད་ངེས་རེད།
འོན་ཀྱང་ད་ལྟའི་འཛམ་གླིང་ནང་བསམ་བློའི་འཁྱེར་ཕྱོགས་དེ་དུས་ཚོད་ཡོལ་ཟིན་པ་ཞིག་ཆགས་ཡོད། དེང་སྐབས་ང་ཚོས་འཛམ་གླིང་འདིའི་ནང་ཡོད་པའི་འགྲོ་མི་ཐེར་འབུམ་བདུན་ལྷག་གི་མ་འོངས་པའི་གནས་བབ་ཐོག་བསམ་བློ་གཏོང་དགོས་པའི་དུས་ཚོད་ལ་སླེབས་ཡོད། ང་ཚོས་ང་ཚོ་དང་ཁྱེད་ཚོ་ཞེས་པའི་རྙིང་ཞེན་གྱི་བསམ་བློ་དོར་ཏེ་འགྲོ་བ་མི་ཚང་མའི་བདེ་དོན་ཆེད་འགན་འཁྱེར་དགོས་པ་མ་ཟད། ལྷག་པར་གོ་ལའི་གནས་སྟངས་ཐོག་ལ་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོ་དུས་རབས་ཉེར་གཅིག་ནང་སླེབས་ཡོད་སྟབས་དུས་ཚོད་དང་བསྟུན་ནས་དངོས་ཡོད་གནས་སྟངས་ལ་གཞིགས་པའི་བསམ་བློར་ཡང་བསྒྱུར་བ་གཏོང་དགོས། ང་ཚོས་མི་གཞན་གྱི་བདེ་དོན་ལ་སེམས་ཁུར་བྱེད་དགོས་པ་རེད། ཅེས་པ་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདེ་དོན་སྐོར་ཤོད་ཀྱི་ཡོད་པ་ལས། ལྷ་ཡུལ་དང་ཀླུ་ཡུལ་གྱི་སྐད་ཆ་ཤོད་ཀྱི་མེད།
ཁྱེད་རང་ཚོ་ཚང་མས་གནད་དོན་དེ་དག་ལ་བསམ་བློ་ཤུགས་ཆེ་ཙམ་གཏོང་རོགས་བརྗོད་རྒྱུ་ཡིན། ངོས་ཀྱིས་བཤད་པའི་སྐད་ཆ་དེ་དག་ལ་རྒྱུ་མཚན་ཡོད་མེད་ངེས་པར་དུ་བརྟག་དཔྱད་བྱེད་དགོས། མདོར་ན། ཁྱིམ་ཚང་སོགས་ནང་དཀའ་ངལ་གང་ཞིག་འཕྲད་ཀྱང་ཕན་ཚུན་བསམ་ཤེས་དང་གོ་བསྡུར་བྱས་པ་བརྒྱུད་སེལ་ཐབས་བྱེད་དགོས། གཅིག་བྱས་ན་དེ་རིང་གི་དགྲ་བོ་སང་ཉིན་གྲོགས་པོར་འགྱུར་སྲིད། ཕྱོགས་གཞན་ནས་རང་གཅེས་འཛིན་གྱི་བསམ་བློའི་ཐོག་ནས་གཞན་ལ་བཤུ་གཞོག་ཁོ་ན་གཏོང་ཐབས་བྱས་ཚེ། དེ་རིང་གི་གྲོགས་པོ་སང་ཉིན་དགྲ་བོར་འགྱུར་སྲིད། དེར་བརྟེན་རྒྱུན་དུ་ནས་ང་ཚོས་མི་གཞན་གྱི་བདེ་དོན་ལ་སེམས་ཁུར་མང་ཙམ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད།
ལྷག་པར་མགོན་པོ་གང་ཉིད་མཆོག་གིས་མོན་ཁུལ་ནས་བཅར་བའི་མི་དམངས་ཚོར་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་གྷོ་ཧ་ཊིར་ཐེངས་ཤིག་བསླེབས་པ་རེད། དེ་སྔ་ཚར་ཁ་ཤས་བསླེབས་ཡོད་ཀྱང་མི་མང་ཚོ་ཐུག་ནས་སྐད་ཆ་ཤོད་རྒྱུ་དེ་ནི་དེ་རིང་དང་པོ་ཆགས་ཡོད། ངོས་རང་འདི་གར་ཡོང་སྐབས་ཁྱེད་རང་ཚོས་དད་དམ་གཡོ་མེད་དང་། ཉིན་ཤས་ནང་དཀའ་ངལ་ཕྲན་བུ་འཕྲད་ཀྱི་ཡོད་ཀྱང་དཀའ་ངལ་དང་ལེན་ཐོག་འདི་གར་ཆེད་མངགས་ཡོང་བ་རེད། ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། ཁྱེད་རང་ཚོ་མང་ཆེ་བ་མོན་པ་ཆགས་ཀྱི་ཡོད།
མོན་ཡུལ་ནི་རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་སྐབས་ནས་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཡོད། ངོས་རང་ལ་ཆ་བཞག་ན། ཕྱི་ལོ་ ༡༩༥༩ ལོར་ཧ་ཅང་དཀའ་ངལ་ཆེན་པོའི་གནས་སྟངས་འོག་བོད་ནས་བྲོས་བྱོལ་དུ་ཡོང་སྐབས་རང་དབང་ལུང་པའི་ས་གནས་དང་པོ་དེ་མོན་དང་། དེ་ནས་རྟ་དབང་དུ་སླེབ་སྐབས་ཡུལ་མི་ཚོས་ཧ་ཅང་སེམས་གསོའི་སྐྱོ་རོགས་དང་དགའ་ཞེན་ཆེན་པོའི་རྣམ་འགྱུར་ཤུགས་ཆེ་བསྟན་བྱུང་། དེ་ནི་ངོས་ཀྱི་མི་ཚེའི་ནང་བརྗེད་ཐབས་མེད་པ་ཞིག་ཆགས་ཡོད། དེ་རིང་ཁྱེད་རང་ཚོ་དད་དམ་གཡོ་མེད་ཐོག་ནས་ཡོང་བར་ཧ་ཅང་དགའ་པོ་བྱུང། གོང་དུ་ཁྱེད་རང་ཚོ་མོན་པའི་སེར་སྐྱ་ཐུན་མོང་ཐོག་ནས་ངོས་རང་རྟ་དབང་ཁུལ་དུ་ཡོང་རོགས། ཞེས་བརྗོད་ཀྱི་འདུག་ཀྱང་ངོས་རང་གི་ལས་རིམ་མང་ཆེ་བ་བང་བསྒྲིགས་ཟིན་སྟབས་ལམ་སེང་ཡོང་ཐབས་མི་འདུག དེར་བརྟེན་འདི་ལོ་ཕལ་ཆེར་ཁག་པོ་རེད། ཕྱི་ལོ་ ༢༠༡༥ ལོར་ངེས་པར་དུ་བཅར་གྱི་ཡིན། ཞེས་བརྗོད་པ་ཡིན། དེར་བརྟེན་ཁྱེད་རང་ཚོ་ལོ་གཅིག་ལྷག་ཙམ་སྒུག་དགོས་ཐུག་གི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།