༢༠༡༤ ཟླ་ ༢ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡ ཚེས་ ༣༠ དང་ ༣༡ ཉིན་སོ་སོར་མེའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་བཅས་ལ་འཚམས་གཟིགས་གནང་ཡོད། དེ་ཡང་སྲིད་སྐྱོང་མཆོག་གིས་ཁུལ་དེའི་གཞིས་མི་མང་ཚོགས་ལ་གསུང་བཤད་དང་། ས་གནས་ཉིན་སློབ་ཀྱི་དགེ་རྒན་དང་སློབ་ཕྲུག་རྣམས་ཐུག་འཕྲད་ཀྱིས་བོད་མིའི་ཤེས་ཡོན་གནས་ཚད་ཡར་རྒྱས་གཏོང་ཕྱོགས་སྐོར་ལམ་སྟོན་གསུང་བཤད་གཟབ་རྒྱས་གནང་ཡོད།
ལྷག་པར་སྲིད་སྐྱོང་མཆོག་ནས་མི་མང་ལ་གསུང་བཤད་གནང་དོན།བཀའ་ཤག་སྐབས་ ༡༤ ངོས་ནས་ཤེས་ཡོན་གལ་གནད་ཆེ་ཤོས་སུ་རྩི་བཞིན་ཡོད་ཅེས་བསྐྱར་ནན་ཐོག་བརྗོད་རྒྱུ་མ་ཟད། བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་འཛིན་རིམ་བཅུ་གཉིས་ཐོན་རྗེས་རང་རང་གི་འདོད་མོས་ལྟར་མུ་མཐུད་སློབ་སྦྱོང་མཇུག་སྐྱེལ་ཡོང་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་སློབ་ཡོན་ལས་གཞི་ཐོག་ལེགས་བཅོས་བྱས་ཏེ་མཐུན་རྐྱེན་སྦྱར་ཡོད། ད་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བརྒྱ་ཆ་ ༩༥།༤ ལོན་མཁན་ཐོག་མ་དེ་མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་བསྟན་འཛིན་ཆོས་སྐྱིད་ཆགས་ཡོད། དེས་གང་མཚོན་བཞིན་ཡོད་བརྗོད་ན། སྐབས་ ༡༤ བཀའ་ཤག་གིས་སྲིད་སྐྱོང་སློབ་ཡོན་ཆེད་ཧིན་སྒོར་འབུམ་གཅིག་གནང་རྒྱུས་མཚོན་ཤེས་ཡོན་སློབ་ཡོན་གྱི་ལམ་ལུགས་ཐད་ཕྲན་བུ་བསྐྱར་བཅོས་བཏང་བ་ནི་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་པ་ཞིག་ལ་བརྩི་ཆོག བོད་མི་ཚོས་རྒྱ་ནག་མི་འབོར་ཐེར་འབུམ་ ༡།༣ ལ་གདོང་ལེན་ཤེས་ཡོན་སློབ་སྦྱོང་ཁོ་ནས་བྱེད་ཐུབ་རྒྱུ་ཡིན། གཞིས་ལུས་བོད་རིགས་སྤུན་ཟླ་ཚོས་ང་ཚོ་ཕྱི་སྡོད་བོད་རིགས་ཚོར་རེ་བ་བཅོལ་བཞིན་ཡོད། དེར་བརྟེན་ང་ཚོས་ཤེས་ཡོན་སློབ་སྦྱོང་བརྒྱུད་ཁོང་རྣམས་ཀྱི་རེ་བ་དང་མངོན་འདོད་རྣམས་བསྒྲུབ་ཐུབ་པ་བྱེད་དགོས། ཞེས་གསུངས་ཡོད།
དེ་བཞིན་སྲིད་སྐྱོང་མཆོག་གིས་མེའོ་དང་ཏི་ཛུ་ས་གནས་གཉིས་ཀྱི་ཉིན་སློབ་ལ་འཚམས་གཟིགས་ཀྱི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། དེ་སྔ་དང་བསྡུར་ན། དེང་སྐབས་སློབ་ཕྲུག་རྣམས་ལ་གོ་སྐབས་དང་མཐུན་རྐྱེན་ཡག་པ་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་མཐུན་རྐྱེན་དགོས་རིགས་ཇི་ཡོད་ལ་གྲ་སྒྲིག་གང་ཐུབ་ཞུས་དང་ཞུ་མུས་ཡིན་པར་བརྟེན། དགེ་ལས་རྣམས་ནས་སློབ་ཕྲུག་གི་ཤེས་ཡོན་ཐོག་སྔར་ལྷག་དོ་སྣང་གནང་དགོས། འགྲོ་བ་མིའི་ནུས་ཤུགས་གོང་འཕེལ་ Human Resource Development Minister བློན་ཆེན་ཟུར་པ་ཀཱ་བིལ་སི་པལ་ Kabil Sibalམཆོག་གིས་དགེ་རྒན་ཡག་པོ་ཚོར་འགྲོ་སོང་ཆེན་པོ་སྤྲོད་དགོས་ངེས་ཀྱང་། དགེ་རྒན་ཡག་པོ་མ་བྱུང་ན་སྤྱི་ཚོགས་དང་རྒྱལ་ཁབ་ལ་གྱོང་གུན་དེ་བས་ཆེ་བ་ཡོད། ཅེས་གསུངས་ཡོད།། དེ་རྗེས་སྲིད་སྐྱོང་མཆོག་གིས་སློབ་དགེ་རྣམས་ལ་ཟུར་དུ་ཐུག་འཕྲད་དང་འབྲེལ་གསུངས་དོན། སློབ་དགེ་ཚོས་འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཐོག་ལྷག་བསམ་རྣམ་དག་གིས་འབད་བརྩོན་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན།
ད་བར་རྒྱ་གར་སློབ་དགེ་ཚོས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་ཤེས་ཡོན་ཅན་སྟོང་ཕྲག་མང་པོ་ཐོན་ཐུབ་ཡོད་པར་བརྟེན། བོད་མིའི་རང་དབང་སླར་གསོའི་ལས་འགུལ་ཐོག་རམ་འདེགས་དང་། ནུས་ཤུགས་ཆེ་རུ་གཏོང་རྒྱུར་དགེ་མཚན་ཆེན་པོ་བྱུང་ཡོད་སྟབས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ཡང་སློབ་དགེ་རྣམས་ནས་མུ་མཐུད་སློབ་ཕྲུག་ཚོའི་ཤེས་ཡོན་ཐོག། རོགས་མགོན་གནང་སྟེ་མི་ཡག་པོ་ཞིག་དང་བོད་མི་ཤེས་ཡོན་ཅན་ཞིག་བསྐྲུན་རྒྱུར་འབད་བརྩོན་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས། དེ་ནས་དགེ་རྒན་རྣམ་པས་སྲིད་སྐྱོང་མཆོག་ལ་བོད་སློབ་འཛིན་ཚོགས་ཁོངས་ཡོད་པའི་གཏན་ཉིན་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱ་རྒྱུའི་སྐོར་དྲི་བ་ཕུལ་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་དོན། གཏན་ཉིན་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ནས་རྩིས་ལེན་བྱ་རྒྱུའི་བརྒྱུད་རིམ་འགྲོ་བཞིན་ཡོད། ལོ་གསུམ་ཙམ་འགོར་སྲིད་པའམ་ཡང་ན་བོད་མིའི་སྒྲིག་འཛུགས་ཀྱིས་སློབ་གྲྭ་ཆ་ཚང་རྩིས་ལེན་བྱ་རྒྱུའི་གདེང་ཚོད་བསླེབ་རྗེས་རྩིས་ལེན་རྩིས་སྤྲོད་ཆ་ཚང་མཇུག་སྒྲིལ་བྱ་རྒྱུ་ཡིན་ཞེས་གསུངས་འདུག སྐབས་དེར་དགེ་རྒན་རྣམས་ཀྱིས་ཕྲུ་གུ་ཚོར་ནང་ལས་བྱ་རྒྱུ་སྐུར་བཞིན་ཡོད་ཀྱང་ཕ་མའི་ངོས་ནས་ལྷོད་གཡེང་ཤོར་གྱི་ཡོད་སྐོར་ཞུས་འདུག
སྲིད་སྐྱོང་མཆོག་གིས་གཞིས་ཆགས་མི་མང་རྣམས་ལ་གསུང་བཤད་གནང་དོན། ང་རང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འོས་འདེམས་བྱུང་ནས་ལོ་གཉིས་དང་ཕྱེད་ཀའི་རིང་བོད་མིའི་གཞིས་ཆགས་བརྒྱ་ཆ་༩༤་་༩༥ ཙམ་ནང་ལྟ་སྐོར་དུ་བསྐྱོད་པ་ཡིན། དུས་ཡུན་དེའི་རིང་། བོད་མིའི་སྤྱི་ཚོགས་དང་། དཔལ་འབྱོར། ཤེས་ཡོན། འཕྲོད་བསྟེན་ཐོག་ངོ་སྤྲོད་བྱ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་། བོད་མི་མི་རབས་རྒན་པ་རྣམས་ནས་བོད་མིའི་ངོ་བོ་དང་ལས་འགུལ་མུ་མཐུད་གསོན་པོར་གནས་ཐབས་སུ་དཀའ་ངལ་ཧ་ཅང་མང་པོ་བརྒྱབ་ཡོད་པ་དེ་དག་མུ་མཐུད་རྒྱུན་འཁྱོངས་ཆེད་བོད་མི་གཞོན་སྐྱེས་རྣམས་ནས་འགན་འཁུར་བྱེད་བཞིན་ཡོད། ཕྱོགས་མཚུངས་ང་ཚོ་བོད་མིར་རིན་ཐང་བྲལ་བའི་ཐུན་མིན་ཆོས་དང་རིག་གཞུང་ཞིག་ཡོད་པ་དེ་དག་མི་ཉམས་རྒྱུན་འཛིན་ཡོང་ཆེད་འབད་བརྩོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ལྷག་པར་བོད་མི་ནང་ཁུལ་མཐུན་སྒྲིལ་དང་རྒྱབ་སྐྱོར་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་མང་གཙོའི་ལམ་བུར་བསྐྱོད་ཐུབ་པ་བྱུང་ཡོད། དེ་ཡང་གཙོ་ཆེ་ཤོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་པར་བརྟེན་བཙན་བྱོལ་བོད་མིའི་མང་གཙོ་ཆ་ལག་ཡོངས་སུ་རྫོགས་པ་ཡར་རྒྱས་གོང་འཕེལ་ཕྱིན་ཡོད། དེ་བཞིན་བོད་ཀྱི་གནད་དོན་སེལ་ཆེད་རྒྱ་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་ལྷན་གྲོས་མོལ་གནང་དགོས་པ་རྒྱལ་སྤྱིའི་ཚོགས་པ་དང་། གཞུང་། གྲོས་ཚོགས། སོགས་ནས་འབོད་སྐུལ་དང་རྒྱབ་སྐྱོར་ཤུགས་ཆེ་འཐོབ་བཞིན་ཡོད། ཉེ་ཆར་༸གོང་ས་མཆོག་གིས་མགོན་པོ་གང་ཉིད་མཆོག་སྐུ་འཚོ་བཞུགས་རིང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐུབ་རྒྱུ་ཡིན་པའི་བཀའ་སློབ་སྩལ་ཡོད་ཅེས་གསུངས་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་རྒས་གསོ་ཁང་གི་རྒས་འཁོགས་རྣམས་ལ་གསུང་བཤད་གནང་བ་མ་ཟད། ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་ཉམས་གསོ་ལེགས་གྲུབ་ཟིན་པ་དབུ་འབྱེད་དང་། མེའོ་ཆོས་འཕེལ་གླིང་མཉམ་འབྲེལ་ཀམ་པུ་ཌར་བསྟེ་གནས་ཁང་ཡང་དབུ་འབྱེད་གནང་འདུག ཕྱི་ཟླ་ ༢ ཚེས་ ༡ ཉིན་སྲིད་སྐྱོང་མཆོག་གྷོ་ཧ་ཊིར་(Guwahati)ཕེབས་སྐབས་ཕེབས་ལམ་དུ་རྡིབ་རུ་སྒར་(Dibrugarh)ས་གནས་སུ་ཡོད་པའི་བོད་མི་ཚོང་པ་ཁྱིམ་ཆང་ ༣༥ ཙམ་ལ་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་བཅང་ཐོག་ཡུལ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་དང་།
ལྷག་པར་བོད་མིའི་ཐུན་མིན་ཡ་རབས་བཟང་སྤྱོད་དང་། སྐད་ཡིག ལེགས་བྱང་སོགས་མི་ཉམས་རྒྱུན་འཛིན་དགོས་སྐོར་ལམ་སྟོན་གནང་བ་མ་ཟད། སྐབས་དེར་ས་གནས་མི་མང་ཚོས་ཕྲུ་གུའི་ཤེས་ཡོན་དང་། དཔྱ་ཁྲལ་ལག་དེབ་གསར་བཟོ་བྱ་རྒྱུས་མཚོན་དཀའ་ངལ་ཞུས་པར་སྲིད་སྐྱོང་མཆོག་གིས་དཀའ་ངལ་དེ་དག་སེལ་ཆེད་འབད་བརྩོན་གང་ཡོད་གནང་རྒྱུ་ཡིན་སྐོར་གསུངས་ཡོད།།