༢༠༡༤ ཟླ་ ༢ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འགྲམ་ནོཡ་ཌ་(Noida) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་སི་ཊེབ་བ་ཡེ་སི་ཊེབ་ (Step by Step) ཞེས་པའི་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་ཆིག་སྟོང་བརྒལ་བར་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་སི་ཊེབ་བ་ཡེ་སི་ཊེབ་སློབ་གྲྭར་༸ཞབས་སོར་འཁོད་སྐབས་དགེ་ལས་དང་སློབ་ཕྲུག་ཁག་གཅིག་གིས་མཆོད་སྤྲིན་དབྱངས་སུ་གྱེར་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་ལས་སློབ་ཕྲུག་རྣམས་ལ་འགྲོ་བ་མིའི་བཟང་སྤྱོད་དང་བྱམས་སྙིང་རྗེའི་སྐོར་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་སློབ་གྲྭ་འདིར་མགྲོན་འབོད་ལྟར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐོག་མར་ངོས་ཀྱིས་འདི་གའི་དགེ་ལས་སློབ་ཕྲུག་རྣམས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། སློབ་གྲྭ་འདི་ནི་ཐོག་མ་ཁྱིམ་ཚང་གཅིག་གིས་བཙུགས་ནས་ལས་གཞི་དེ་ལྟར་སྤེལ་བ་ཧ་ཅང་ཡག་པོ་རེད།
སྤྱིར་བཏང་ང་ཚོའི་འཚོ་བའི་ནང་དངུལ་དགོས་རྒྱུ་ནི་གལ་ཆེན་པོ་རེད། དེ་ལས་ཀྱང་དངུལ་བེད་སྤྱོད་ཡག་པོ་གཏོང་རྒྱུ་གལ་ཆེན་པོ་རེད་མ་གཏོགས་བག་མེད་ལོངས་སྤྱོད་བྱས་ན་ཕན་ཐོགས་མེད། དེར་བརྟེན་དཔལ་འབྱོར་ཕུན་སུམ་ཚོགས་པོ་ཡོད་མཁན་ཚོས་དབུལ་པོར་རོགས་མགོན་དང་དྭ་ཕྲུག་ཚོར་འཚོ་གོས་སོགས་ཀྱི་ཐད་རོགས་རམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ངོས་ཀྱིས་ང་ཚོ་དུས་རབས་ཉི་ཤུ་པའི་མི་རབས་རྣམས་རྫོགས་འགྲོ་གི་ཡོད་པ་དང། ཁྱེད་རང་ཚོ་རང་ལོ་སུམ་ཅུ་མན་ཆད་གཞོན་སྐྱེས་རྣམས་དུས་རབས་ཉེར་གཅིག་གི་མི་རབས་ཆགས་ཀྱི་ཡོད། ཅེས་བརྗོད་ཀྱི་ཡོད། དུས་རབས་ཉི་ཤུའི་ནང་དམག་འཁྲུག་རབས་དང་རིམ་པ་མང་དག་ཅིག་བྱུང་ཡོད།
ཕྱོགས་མཚུངས་དུས་རབས་ཉེར་གཅིག་གི་འགོ་སྟོད་ལ་ཨི་རག་དང་ཨབ་གྷན་ནི་སི་ཐན། ལྷག་པར་དེང་སྐབས་སི་རི་ཡའི་ནང་དམག་འཁྲུག་ཡོང་གི་འདུག ཕྱོགས་གཅིག་ནས་བལྟས་ན། འཛམ་གླིང་ཤར་ནུབ་ཀྱི་མིའི་གཤིས་རྒྱུད་ཡར་རྒྱས་ཕྱིན་པའི་ཤུགས་རྐྱེན་འོག་ཞི་བདེར་དང་འདོད་ཀྱིས་འཚེ་བ་ཉུང་དུ་ཕྱིན་ཡོད། སྤྱིར་བཏང་འཚེ་བ་ཞེས་པ་ནི། ལག་ཏུ་མཚོན་ཆ་བཟུང་ནས་གསོད་རེས་གཏོང་རྒྱུའི་བྱ་སྤྱོད་ཁོ་ན་མིན་པར་གཞན་གྱི་ཐོབ་ཐང་ལ་རྩིས་མེད་དང་ལྐོག་ཟ་རུལ་སུངས་ཀྱང་འཚེ་བའི་རྣམ་པ་ཆགས་ཀྱི་ཡོད།
རྒྱ་གར་ལ་ལོ་ངོ་སྟོང་ཕྲག་ནས་དར་བའི་འཚེ་བ་མེད་པའི་ལྟ་གྲུབ་ཡོད་པར་བརྟེན། བདག་ཉིད་ཆེན་པོ་ (Mahatma Gandhi) གཱན་ངྷཱི་ཇིས་ཀྱང་རང་དབང་འཐབ་རྩོད་ཀྱི་ཁྲོད་རྒྱ་གར་གྱི་སྲོལ་རྒྱུན་ནས་དར་བའི་འཚེ་བ་མེད་པའི་ལམ་དུ་བཞུགས་ཏེ་གྲུབ་འབྲས་ཐོབ་ཡོད་པ་མ་ཟད། འཛམ་གླིང་གི་ས་ཕྱོགས་གང་སར་དཔེ་མཚོན་འཇོག་ཡུལ་ཞིག་ཏུ་གྱུར་ཏེ། མར་ཊིན་ལུ་ཐར་ཀིང་དང་། (Martin Luther King) ནེལ་སོན་མན་ཌེ་ལ། (Nelson Mandela) ཌེ་སི་མོན་ཊུ་ཊུ་(Bishop Desmond Tutu) སོགས་ཀྱིས་ཀྱང་རྒྱ་གར་ནས་དར་བའི་འཚེ་བ་མེད་པའི་ལྟ་གྲུབ་ཐོག་བསྐྱོད་ཡོད།
ལྷག་པར་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་རིང་འཚེ་བ་མེད་པའི་ལྟ་སྤྱོད་ལག་བསྟར་བྱས་ཡོད་སྟབས། རྒྱ་གར་ནི་གནའ་སྔ་མོ་ནས་ཆོས་ལུགས་ཚང་མ་མཉམ་གནས་ཐུབ་རྒྱུའི་སྤྱི་ཚོགས་ཤིག་ཆགས་ཡོད། རྙོག་གྲ་ཆུང་ཙག་རིགས་ཡོང་སྲིད་ཀྱང་དེང་སྐབས་རྒྱ་གར་ནང་ཆོས་ལུགས་ཆེ་ཁག་ཚང་མ་མཉམ་གནས་ཐུབ་ཀྱི་ཡོད། ངོས་ཀྱིས་མི་གཞན་ལ་རྒྱ་གར་ནི་ཆོས་ལུགས་ཚང་མ་མཉམ་གནས་ཐུབ་པའི་དཔེ་མཚོན་ཡག་ཤོས་ཤིག་ཆགས་ཡོད་སྐོར་བརྗོད་ཀྱི་ཡོད། གཞོན་སྐྱེས་ཁྱེད་རང་ཚོའི་མི་ཚེ་སེམས་བཟང་དང་དྲང་པོ་དྲང་གཞག་ཐོག་ནས་འགོ་འཛུགས་ཐབས་བྱེད་དགོས།
དེ་ལྟར་བྱས་ན་ཁྱེད་རང་ཚོས་ལས་དོན་གང་ཞིག་སྒྲུབ་ཀྱང་ཕྱི་གསལ་ནང་གསལ་དང་མི་གཞན་གྱིས་ཡིད་ཆེས་སླེབས་ཀྱི་རེད། དེ་བརྒྱུད་ནས་ཕན་ཚུན་མཛའ་བཤེས་ཡོང་གི་རེད། དེ་བཞིན་དངུལ་ལ་བརྟེན་ནས་གྲོགས་པོ་བསྒྲིགས་པ་དེ་བརྟན་པོ་རྩ་བ་ནས་མེད། ཕན་ཚུན་ཡིད་ཆེས་དབང་གིས་གྲོགས་པོ་བསྒྲིགས་པ་དེ་འཁྲུལ་མེད་ཀྱི་གྲོགས་པོ་ཆགས་ཀྱི་ཡོད། ལྷག་པར་རྒྱ་གར་རྒྱལ་ཁབ་དེ་བཞིན་སྲ་བརྟན་དང་ཡག་པོ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ནི་ཤེས་ཡོན་དང་ལྷན་ཀུན་སྤྱོད་བཟང་པོ་འཁྱེར་རྒྱུར་རག་ལུས་ཡོད། དེར་བརྟེན་འགྲོ་བ་མིིའི་ཐོབ་ཐང་དང་རིན་ཐང་ཐོག་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་སློབ་ཕྲུག་གི་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད། །