༢༠༡༤ ཟླ་ ༡ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་ཕྱི་ལོ་༢༠༡༤ ཟླ་ ༡ ཚེས་ ༣༡ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༨ དང་ ༢༩ ཉིན་སོ་སོར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ Melbourne དང་ Sydney སི་ཌི་ནི་ཁུལ་གྱི་ས་གནས་རྒྱ་རིགས་དང་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་སི་ཌི་ནི་དང་མེལ་བྷོན་ཁུལ་དུ་གནས་སྡོད་རྒྱ་རིགས་ལྷན་མཇལ་མོལ་གནང་ཡོད། དེ་ཡང་ཕྱི་ཚེས་ ༢༨ ཉིན་མེལ་བྷོན་དུ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་བཀའ་བློན་མཆོག་གིས་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་རྒྱ་རིགས་རྒྱུན་ལས་ཚོགས་མི་དང་གཞན་རྒྱ་རིགས་གྲོགས་པོ་ལྷན་མཇལ་མོལ་གནང་ཡོད་། ཕྱི་ཚེས་ ༢༩ ཉིན་སི་ཌི་ནིའི་ཁུལ་དུ་མཐོ་སློབ་ཁག་གཉིས་ནང་གི་དགེ་རྒན་ཆེན་མོ་བ་ཁག་གཅིག་དང་རྩོམ་པ་པོ། རྒྱ་རིགས་མཁས་དབང་དང་དམངས་གཙོ་དོན་གཉེར་བ་བཅས་འདུ་འཛོམས་ཐོག་བཀའ་བློན་མཆོག་ལ་དགོང་དྲོའི་གསོལ་སྟོན་ཞིག་བཤམས་ཏེ་བོད་དོན་གླེང་མོལ་གནང་ཡོད། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན། ས་གནས་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད་།
བཀའ་བློན་མཆོག་གིས་རྒྱ་རིགས་ལྷན་མཇལ་མོལ་སྐབས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་སྐུ་དབང་མི་དམངས་ནས་འོས་འདེམས་གནང་བའི་དབུ་ཁྲིད་ལ་གསོལ་རས་སྩལ་རྗེས། བཀའ་ཤག་སྐབས་བཅུ་བཞི་པས་ལས་ཁུར་བཞེས་ཏེ་ལོ་གཉིས་ལྷག་འགྲོ་གི་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་བཏང་མེད། རྒྱ་མི་རིགས་ཚོས་བོད་ཀྱི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་དང་བོད་རྒྱ་མི་རིགས་གཉིས་དབར་མཛའ་མཐུན་མཉམ་གནས་ཡོང་རྒྱུར་ང་ཚོས་གལ་ཆེའི་ལས་འགན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཅེས་དང་། ལྷག་པར་བཀའ་བློན་མཆོག་གིས་རྒྱ་རིགས་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། ཤེས་ཡོན། ཁོར་ཡུག་སོགས་ཀྱི་གནས་སྟངས་ངོ་སྤྲོད་དང་འབྲེལ་གསུང་དོན། ང་ཚོས་རང་བཙན་རྩོད་ཀྱི་མེད། རྒྱ་ནག་གཞུང་གི་རྩ་ཁྲིམས་གཞིར་བཟུང་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་ནས་དབུ་མའི་ལམ་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་དབང་གིས་རྒྱ་མི་རིགས་ཚོས་དངོས་ཡོད་གནས་ཚུལ་མ་རྟོགས་པ་དང་གོ་བ་ལོག་སྒྲུབ་བྱེད་བཞིན་ཡོད། དེར་བརྟེན་བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱེད་རྒྱུས་མཚོན། བོད་རྒྱ་མི་རིགས་གཉིས་དབར་འབྲེལ་བ་བྱེད་རྒྱུ་དེ་གལ་ཆེན་རྩི་བཞིན་ཡོད་། ལྷག་པར་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་མཁན་རྒྱ་རིགས་ཤེས་ཡོན་ཅན་ཚོས། རྒྱ་རིགས་རྣམས་ལ་འགྲེལ་བརྗོད་གནང་རྒྱུ་ནི་ཧ་ཅང་གལ་ཆེ་ཆགས་ཡོད། སླད་ཕྱིན་མུ་མཐུད་འབད་བརྩོན་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་མ་ཟད། བཀའ་བློན་མཆོག་གིས་རྒྱ་རིགས་ལྷན་ཐུག་འཕྲད་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། གྲུབ་འབྲས་སྐོར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད། དེ་བཞིན་དབུ་མའི་ལམ་ནི་བོད་རྒྱ་གཉིས་ཕན་གྱི་སྲིད་བྱུས་ཤིག་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་ཆེད་ཡིན་སྐོར་གྱི་འགྲེལ་བརྗོད་གནང་ཡོད། རྒྱ་ནག་སྐམ་ས་ནས་ཨོ་སི་ཊོ་ལི་ཡར་འབྱོར་ཏེ་ཟླ་བ་བརྒྱད་ལས་འགྲོ་གི་མེད་པའི་རྒྱ་རིགས་ཤིག་གིས་གསུང་དོན།
ང་རང་དེ་སྔོན་རྒྱ་ནག་ནང་གསར་འགོད་པ་ཞིག་ཡིན། རྒྱ་ནག་ནང་སྡོད་སྐབས་བོད་ཀྱི་དངོས་ཡོད་གནས་ཚུལ་ཕར་ཞོག་དབུ་མའི་ལམ་ཞེས་པའི་ཡིག་འབྲུ་བཞི་པོ་འདི་ཡང་གོ་མྱོང་མེད། ད་ཆ་ཨོ་སི་ཊོ་ལི་ཡར་འབྱོར་རྗེས་བོད་དོན་ལ་དོ་སྣང་དང་བོད་མིས་རང་བཙན་རྩོད་ཀྱི་མེད་པ་སོགས་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་། དེར་བརྟེན་རྒྱ་མི་རིགས་ཚོས་དབུ་མའི་ལམ་ཀྱི་དམིགས་ཡུལ་ཤེས་རྟོགས་ཡོང་རྒྱུར་འབད་བརྩོན་ཤུགས་ཆེ་རུ་གཏོང་རྒྱུ་གལ་ཆེ་ཡིན་སྐོར་གྱི་དགོངས་འཆར་གསུངས་ཡོད། དེ་ནས་བཀའ་བློན་མཆོག་གིས་རྒྱ་རིགས་ཚོའི་དྲི་བ་ཁག་ལ་ལན་འདེབས་ཁ་གསལ་གནང་རྗེས་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་རྒྱ་རིགས་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། གྲུབ་འབྲས་བཅས་ཀྱི་ངོ་སྤྲོད་སྐོར་གྱི་རྒྱ་ཡིག་དེབ་ཆུང་ཞིག་འགྲེམས་སྤེལ་གནང་ཡོད།།