༢༠༡༤ ཟླ་ ༡ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་བོད་ཁང་དང་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ཀོ་ཐ་རི་ (D. S. Kothari Centre for Science, Ethics and Education) ཤེས་ཡོན་བསྟི་གནས་ཁང་ཟུང་འབྲེལ་ཐོག་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣༠ དང་ ༣༡ བཅས་ཉིན་གྲངས་གཉིས་རིང་ཀླད་པའི་ཚན་རིག་དང་སེམས་ཁམས་རིག་པ། ཤེས་ཡོན་ལག་བསྟར་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་སྐོང་ཚོགས་གནང་འདུག
དེ་ཡང་གོང་ཚེས་ཉིན་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་དང་དོན་གཉེར་ཅན་གྱི་མི་སྣ་ཁག་ལྷན་འཛོམས་ཐོག་ཀོ་ཐ་རིའི་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་སློབ་དཔོན་མི་ནཱཀ་ཤི་ཐ་པན་ (Prof.Meenakshi Thapan)ལགས་དང་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་ཀྱི་གཏམ་བཤད་གནང་ཡོད། དེ་ནས་ཨ་རིའི་ནང་རྟེན་གཞི་བྱས་པའི་ཝ་ཤིང་ཊོན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་སི་ཡོན་རཱ་མོན་ (Prof.Ceon Ramon) ལགས་ཀྱིས་ཀླད་པའི་ཚན་རིག་དང་རྣམ་ཤེས་ཀྱི་ངོ་བོའི་སྐོར་གཏམ་བཤད་གནང་འདུག དེ་བཞིན་རྒྱ་གར་གྱི་དངོས་ཁམས་རིག་པའི་མཁས་དབང་སི་སིར་རོ་ཡེ་(Dr.Sisir Roy) ལགས་སོགས་ཀྱིས་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་གནང་འདུག
ཐེངས་འདིའི་བགྲོ་གླེང་སྐོང་ཚོགས་གནང་དགོས་པའི་དམིགས་ཡུལ་སྐོར་ལ་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བརྒྱུད་ལམ་ཁག་ནང་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུར་ཆིབས་སྒྱུར་བསྐྱངས་ཏེ་སྙན་གྲགས་དང་ཤེས་ཡོན་ཅན་གྱི་མི་སྣ་མཇལ་འཕྲད་མཛད་སྐབས། མི་སྣ་དེ་དག་ཕལ་ཆེ་བས་མགོན་པོ་གང་ཉིད་མཆོག་ལ། དེང་སྐབས་འཛམ་གླིང་འདིའི་ནང་ཤེས་ཡོན་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་ཡོད་ཀྱང། ང་ཚོ་འགྲོ་བ་མིའི་འདོད་རྔམ་དབང་གིས་སྤྱི་ཚོགས་ནང་དཀའ་ངལ་ཆེ་རུ་འགྲོ་གི་ཡོད། དེ་བཞིན་ཤེས་ཡོན་དང་མིའི་བསམ་བློའི་གནས་ཚད་མཐོ་རུ་འགྲོ་གི་ཡོད། ཅེས་བརྗོད་བཞིན་ཡོད་ཀྱང་དོན་དངོས་ཐོག་སེམས་མ་སྐྱིད་པ་བྱེད་མཁན་མང་དུ་འགྲོ་གི་ཡོད་པའི་རྒྱུ་རྐྱེན་གང་ལ་ཐུག་སྐོར་བཀའ་འདྲི་ཞུ་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེ་ནི་དེང་དུས་ཤེས་ཡོན་སྤྲོད་སྟངས་ཐོག་སྐྱོན་ཆ་ཞིག་ཡོང་གི་ཡོད་པ་རེད། དེང་སང་སློབ་སྦྱོང་སྤྲོད་སྐབས་ཀླད་པ་འཚར་ལོངས་ཡོང་རྒྱུ་དང་ཤེས་ཡོན་ཕྱུག་པོ་ཆགས་རྒྱུ་མ་གཏོགས་སེམས་རྒྱུད་བཟང་དུ་གཏོང་རྒྱུའི་ཆ་རྐྱེན་ཚང་གི་མེད་སྟབས། ང་ཚོས་ཤེས་ཡོན་སྲིད་བྱུས་ལ་བསྒྱུར་བ་གཏང་སྟེ་སེམས་བཟང་པོ་གོང་འཕེལ་གཏོང་ཆེད་སློབ་ཚན་གསར་པ་ཞིག་འཇུག་སྣོན་བྱེད་དགོས་སྐོར་བཀའ་ལན་དང་བཀའ་སློབ་རིམ་ཕེབས་ཀྱི་དགོངས་དོན་ལྟར། ལྡི་ལི་བོད་ཁང་དང་ཕོ་ཊ་རི་ཤེས་ཡོན་བསྟི་གནས་ཁང་ཟུང་འབྲེལ་གྱིས་ལས་འཆར་འདི་ཕྱི་ལོ་ ༢༠༠༨ལོར་འགོ་འཛུགས་ཞུས་པ་ཡིན། ཞེས་སོགས་ཀྱི་འགྲེལ་བརྗོད་གནང་འདུག