༢༠༡༤ ཟླ་ ༡ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བར་ལམ་བོད་ནང་མེ་སྐྱོན་ཚབས་ཆེ་ཁག་གསུམ་ཙམ་བྱུང་་བར་ཐུགས་སྨོན་སྐྱབས་འཇུག་དང་སེམས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན།
བར་ལམ་ལི་ཐང་དགོན་ཆེན་དང་། གསེར་རྟ་བླ་རུང་ཆོས་སྒར། རྒྱལ་ཐང་བཅས་པར་སྔ་རྗེས་སུ་མེ་སྐྱོན་ཚབས་ཆེ་བྱུང་སྟེ་རྩ་ཆེའི་རིགས་དངོས་ཀྱིས་མཚོན་མི་རྒྱུ་ཟོག་གསུམ་ལ་གོད་ཆག་ཆེན་པོ་བྱུང་བར་བློ་ཕམ་ཅི་ཆེ་བྱུང་ཡང་། མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་ལས་གཞན་བྱ་ཐབས་དབེན། ད་དུང་ཡང་ས་གནས་ཁུལ་གཞན་ལ་དེ་ལྟའི་གནས་ཚུལ་མི་ཡོང་བའི་ངེས་པ་མེད་པས་གཙོ་ཆེར་སེར་སྐྱ་མང་ཚོགས་ཚང་མ་འཆམ་མཐུན་ཕུ་ནུའི་འདུ་ཤེས་ཀྱིས་ནང་རྩོད་དམེ་འཁྲུག་རིགས་ནམ་ཡང་མི་བྱེད་ངོས།
ཕྱིའི་ཞབས་རིམ་ཡུལ་ཁག་སོ་སོའི་ཡུལ་དགོན་སྤྱི་ནས་ཐུབ་པའི་མཚན་སྔགས་དང་། ཡིག་དྲུག སྒྲོལ་མའི་གཟུངས་སྔགས། སྒྲོལ་བསྟོད། རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་འཇིགས་པ་བརྒྱད་སྐྱོབ་ཀྱི་གསོལ་འདེབས་འབད་སྒྲུབ་ཐོག རྣམ་ཀུན་གློག་དང་། མཆོད་མེ། མེ་ཐབ་སོགས་མེ་སྟག་རིགས་ལ་གཟབ་ནན་གང་ཆེས་སྔོན་འགོག་དང་འབྲེལ། དེང་རབས་ཀྱི་མེ་གསོད་འཕྲུལ་ཆས་སྒྲ་སྒྲིག་ཚད་ལྡན་ཡོང་ཐབས་འབྲེལ་ཡོད་ལ་ཞུ་སྐུལ་བྱེད་གལ། འདི་ནས་སེམས་གསོའི་འཚམས་འདྲི་དང་། རྗེས་འཛིན་སྐྱབས་སྨོན་བཅས། རྒྱ་གར་འཕགས་པའི་ཡུལ་ནས་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ཟླ་ ༡༡ ཚེས་ ༢༦ ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༧ ལ།།