༢༠༡༤ ཟླ་ ༡ ཚེས་ ༢༧ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པར་ཌེ་ཤི་མངའ་སྡེའི་གཞུང་གིས་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་ཁུལ་དེའི་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་གནང་སྐབས། མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་དང་གྲོང་གསེབ་ཡར་རྒྱས་ལས་དོན་གྱི་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་སྲིད་སྐྱོང་མཆོག་ཐོག་མར་གོ་ཝ་ཧ་ཊི་ Guwahati ནས་ཐད་འཕུར་གནམ་གྲུ་བརྒྱུད་རྟ་དབང་དུ་ཕེབས་འབྱོར་སྐབས་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། ས་གནས་འགོ་འཛིན་གཡང་གྲུབ་ལགས། མཁན་བླ་སྤྲུལ་རྣམ་པ། དེ་བཞིན་རྫོང་གི་གནད་ཡོད་མི་སྣ་ཁག་གཅིག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། བོད་རིགས་དང་ས་གནས་ཡུལ་མི་རྣམས་ཀྱིས་དཀར་གཙང་མཇལ་དར་བསྒྲོན་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག སྲིད་སྐྱོང་མཆོག་གིས་ཁུལ་དེར་ལས་རིམ་དབུ་འཛུགས་མ་གནང་གོང་ཐོག་མར་འཇམ་དབྱངས་ཆོས་འཁོར་གླིང་དང་། ༸རྒྱལ་དབང་སྐུ་ཕྲེང་དྲུག་པའི་དགོན་པ་ཨོ་རྒྱན་གླིང་། རྟ་དབང་དགོན་པ་བཅས་སུ་མཆོད་མཇལ་གྲུབ་མཚམས་རྟ་དབང་ཁུལ་དུ་གནས་སྡོད་བོད་རིགས་དང་མོན་པར་ཐུག་འཕྲད་གནང་།
དེ་ཉིན་ཕྱི་དྲོ་སྲིད་སྐྱོང་མཆོག་གིས་རྟ་དབང་ཁུལ་དུ་གནས་སྡོད་བོད་རིགས་ ༡༥༠ ཙམ་ལ་བཀའ་ཤག་སྐབས་ ༡༤ པའི་ངོས་ནས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། སློབ་ཕྲུག་རྣམས་ལ་སློབ་སྦྱོང་ཐོག་ཧུར་བརྩོན་གནང་དགོས་སྐོར་གསུངས་པ་དང་ཆབས་ཅིག ཕ་མ་རྣམས་ཀྱིས་ཕྲུ་གུའི་སློབ་སྦྱོང་ཐོག་ཤུགས་རྒྱག་དགོས་པའི་འབོད་སྐུལ་ཡང་ཞུས་འདུག ཕྱོགས་མཚུངས་བོད་པ་དང་མོན་པའི་དབར་བྱུང་རབས་ལོ་རྒྱུས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་དེ་དག་མི་ཉམས་རྒྱུན་འཛིན་གནང་དགོས་རྒྱུ་ཡང་ཧ་ཅང་གལ་ཆེ་ཡིན་སྐོར་གསུངས་འདུག
དེ་བཞིན་བོད་རིགས་རྣམས་ནས་བོད་ནང་གི་དེང་སྐབས་ཛ་དྲག་གནས་སྟངས་སྐོར་དང་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་སོགས་ལ་དོ་སྣང་གནང་སྟེ་གནས་ཚུལ་རྣམས་ཁ་གསལ་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་འདུག
དེ་ཉིན་དགོང་དྲོ་མངའ་སྡེ་གཞུང་གི་མགྲོན་ཁང་སར་ཀི་ཊ་ཧ་འུ་སི་circuit house ནང་སྲིད་སྐྱོང་མཆོག་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་གསོལ་ཚིགས་སུ་གདན་ཞུ་དང་འབྲེལ་རིག་གཞུང་འཁྲབ་སྟོན་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཨ་རུ་ན་ཅལ་མངའ་སྡེ་གཞུང་དང་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་ནས་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྲིད་སྐྱོང་མཆོག་ལ་དྲན་རྟེན་གྱི་ཚུལ་དུ་མོན་པའི་སྟོད་གོས་ཕྱག་རྟགས་སུ་ཕུལ་ཡོད། སྲིད་སྐྱོང་མཆོག་གིས་ཀྱང་བློན་ཆེན་མཆོག་ལ་བོད་ཀྱི་དགོན་པ་རྩ་ཆེན་ཇོ་ཁང་སྐོར་གྱི་དཔེ་དེབ་དང་འཛམ་གླིང་ཡུལ་གྲུ་ཁག་གི་འགོ་ཁྲིད་རྣམ་པས་༸གོང་ས་མཆོག་ལ་འབུལ་ལམ་ཞུས་པའི་ཕྱག་བྲིས་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་གཅིག་ཕྱག་རྟགས་སུ་ཕུལ་ཡོད།
ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་མཆོག་དྷི་རང་དང་འབུམ་སྡེ་ལ་ཁུལ་དུ་འཚམས་གཟིགས་སྐབས་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་དང་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ཚེ་རིང་སྟོབས་རྒྱལ་ལགས། ས་གནས་འགོ་འཛིན་བཅས་ལྷན་བཅར་ཞུས་ཡོད་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཨ་རུ་ན་ཅལ་མངའ་གཞུང་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ།
གསར་གནས།

འབྲེལ་གནས།
