༢༠༡༤ ཟླ་ ༡ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༤ ཉིན་ལྡི་ལི་སྐུ་ཚབ་དོན་ཁང་གི་ཚོགས་ཁང་ནང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པར་དེ་ཤི་ཁུལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོ་བྱ་རྒྱུའི་ལས་གཞིའི་ཁོངས་སུ་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་བཅུ་ལ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་ལམ་སྟོན་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་སྐུ་ཚབ་དོན་གཅོད་ཀྱིས་ཁེ་ན་ཌར་གཞིས་སྤོས་སུ་སྐྱོད་མཁན་བོད་མི་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་ལྟར་བོད་མི་བཟང་པོ་ཞིག་དང་། བོད་མིའི་ངོ་བོ་དང་ཆེ་མཐོང་མི་ཉམས་རྒྱུན་འཛིན་གནང་དགོས་སྐོར་གསུང་པ་དང་སྦྲགས། སོ་སོ་རང་ཉིད་བོད་མི་ཞིག་ཡིན་པའི་ངོ་བོ་མ་བརླག་པའི་ཐོག་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་། དེ་བཞིན་བོད་ནང་གི་གནས་སྟངས་སོགས་ཁེ་ན་ཌའི་མང་ཚོགས་ཁྲོད་གོ་རྟོགས་སྤེལ་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
སྐབས་དེར་ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཁོང་རྣམས་ལ་གསུང་པའི་ནང་ཁྱེད་རྣམས་ཁེ་ན་ཌར་ཕེབས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་བཅང་ཐོག་ཡུལ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་དང་། ལྷག་པར་བོད་མིའི་ཐུན་མིན་ཡ་རབས་བཟང་སྤྱོད་ཀྱི་ལམ་སྲོལ་མི་ཉམས་རྒྱུན་འཛིན་གྱིས་བོད་མིའི་སྐུ་ཚབ་མཚོན་ཐུབ་པ་ཞིག་བྱེད་དགོས་པའི་ལམ་སྟོན་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་ཁོང་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཡིག་ཆ་འགྲེམས་སྤེལ་གནང་བ་དང་ལྷན། ཁོང་རྣམས་ལ་སྲིད་བྱུས་དེའི་ཐོག་སློབ་སྦྱོང་ཡག་པོ་གནང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་ཐོག་འགྲེལ་བརྗོད་གང་ཐུབ་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་བཅས།།