༢༠༡༤ ཟླ་ ༡ ཚེས་ ༡༥ རེས་གཟའ་ལྷག་པའི་ཉིན།
༄༅། །འདི་གར་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པའི་འགན་འཛིན་ལྷན་ཚོགས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པའི་འགན་འཛིན་ལྷན་ཚོགས་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༦ ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༥ བར་གྱི་བསྟན་སྲིད་སྤྱི་རིམ་དང་། ཆབ་སྲིད། ཤེས་ཡོན། རྒས་གསོ་དང་རྒས་ཕོགས། དུས་ཆེན་ཁག དཔལ་འབྱོར་འདུ་འགོད་དང་རོགས་སྐྱོར་སོགས་ཀྱི་ཐོག་ལས་དོན་སྣ་མང་སྤེལ་ཡོད།
དེ་ཡང་བོད་རྒྱལ་ལོ་ ༢༡༤༠ རབ་གནས་ཆུ་སྦྲུལ་ལོའི་ཆོ་འཕྲུལ་དུས་ཉིན་ནས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ བར་གློ་སྒྲིག་བདེ་དོན་འགན་ལྷན་ཡིག་ཚང་གིས་གོ་སྒྲིག་འོག་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་ཚར་དང་། སྲུང་མ་དམར་ནག་གཉིས་ཀྱི་བསྐང་འཕྲིན། བརྒྱ་བཞི། སྒྲོལ་ཆོག མ་ཎི། སྒྲོལ་མ། རྒྱལ་བའི་ཞབས་བརྟན། བདེན་གསོལ་སྨོན་ལམ། བཛྲ་གུ་རུ་སོགས་གསོག་སྒྲུབ་གནང་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་དུ་བདུན་ཕྲག་གསུམ་རིང་སྐུ་མཚམས་བཞུགས་སྐབས་ཉིན་རེར་མ་ཎི་སྟོང་ཕྲག་རེ་དང་། ཤེས་རབ་སྙིང་པོ་ཚར་གཉིས་རེ། འཕགས་པ་སྤྱན་རས་གཟིགས་ཀྱི་སྟོད་པ་ཚར་གཅིག་བཅས་གསོག་སྒྲུབ་ཞུས་ནས་བོད་ཀྱི་བདེན་དོན་མྱུར་གསལ་ཆེད་ཕན་ཐོགས་ཆེན་པོ་ཡོད་སྐོར་བཀའ་ཕེབས་པ་བཞིན། གོང་འཁོད་ཞབས་རིམ་ཁག་ཕྱོགས་སྒྲིག་ཞུས་པའི་ཕྱག་དཔེ་གྲངས་ ༣༠༠ པར་སྐྲུན་ཞུས་ཏེ་མི་མང་ཡོངས་ལ་འགྲེམས་སྤེལ་ཞུས་པ་སོགས་ཞབས་རིམ་དང་སྤྱི་རིམ་གསོག་སྒྲུབ་ཞུས་ཡོད། དེ་བཞིན་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཐད་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ ཚེས་ ༢ བར་བཀའ་སྤྱི་ཐུན་མོང་གིས་གོ་སྒྲིག་འོག་ལྡི་ལིར་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྐབས་གློ་སྒྲིག་བདེ་དོན་ཚོགས་པའི་སྐུ་ཚབ་ཀྱིས་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། གསུམ་བཅུའི་དུས་དྲན་ཐེངས་ ༥༢ ཉིན་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་དང་། དེ་བཞིན་རྒྱའི་བཙོན་ཁང་ནང་སྡུག་སྦྱོངས་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་འདས་པོ་རྣམས་ཀྱི་ཆེད་མར་མེ་བརྒྱ་ཚར་ཕུལ།
ཤེས་ཡོན་དང་འབྲེལ་བའི་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༩ ཉིན་མན་ཇུ་ཤྲི་སློབ་གྲྭའི་དམིགས་བསལ་འཛིན་སྐྱོང་ཚོགས་འདུར་མཉམ་ཞུགས་དང་། གློ་སྒྲིག་བདེ་དོན་ཚོགས་པའི་སྐབས་གཉིས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་དུས་བཞི་པའི་སྐབས་བཞག་པའི་གྲོས་ཆོད་དགོངས་དོན་བཞིན་གློ་སྒྲིག་ཁྱབ་ཁོངས་གཞིས་ཁག་གསུམ་ནང་འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་སྐབས་སྤྱི་ཚོགས་ཚན་རིག་དང་། ཚོང་འབྲེལ་སྡེ་ཚན། ཚན་རིག བོད་ཡིག་བཅས་ལ་དམའ་མཐར་བརྒྱ་ཆ་ ༦༥ ལོན་པའི་སློབ་མ་སོ་སོར་ལེགས་སོའི་བྱ་དགའ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༩ ཉིན་མན་ཇུ་ཤྲི་གཞི་རིམ་སློབ་གྲྭའི་འཛིན་སྐྱོང་ཚོགས་འདུར་མཉམ་ཞུགས། ཕྱི་ལོ་ ༢༠༡༣ ཟླ་་༥ ཚེས་ ༡༤ ཉིན་(SOIR IM )རོགས་ཚོགས་ནས་མན་ཇུ་ཤྲི་སློབ་གྲྭའི་དགེ་ལས་རྣམས་ལ་(SPARK) ཟབ་སྦྱོང་གང་ལེགས་གནང་བ་དང་སྦྲགས། གློག་ཀླད་གསར་ཉོ་དང་སློབ་གྲྭའི་ཁང་པར་ཚོན་རྩི་གཏོང་ཆེད་རོགས་དངུལ་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུས། སློབ་ལོ་ ༢༠༡༣།༡༤ ལོའི་གཞིས་སློབ་ཁག་གཉིས་ཀྱི་སློབ་ཕྲུག་རྣམས་ལ་སྒྲིག་ཆས་ཆ་ཚང་བཟོ་ཆེད་སྒྲིག་ཆས་ཀྱི་དོད་ཁྱོན་བལ་སྒོར་ ༡༢༧༦༠༠ བགོས་འགྲེམས་ཞུས་ཡོད་པ་མ་ཟད། སྔར་རྒྱུན་ལྟར་མན་ཇུ་ཤྲི་དང་ལེགས་བཤད་ཚལ་སློབ་གྲྭའི་ཀློག་དེབ་དང་འབྲི་དེབ་ཀྱི་འགྲོ་གྲོན་ཆེད་ཁྱོན་བལ་སྒོར་ ༧༤༨༨༦། དང་། བལ་ཡུལ་གངས་ཅན་བདེ་རྩའི་ལས་ཁུངས་སུ་ལེགས་བཤད་ཚལ་སློབ་གྲྭའི་མིང་ཐོག་ནས་ཞལ་འདེབས་བལ་སྒོར་ ༡༢༠༠༠ ཕུལ་ཡོད། ཕྱི་ལོ་ ༢༠༡༣ ལོ་ནས་རྒས་འཁོགས་བདུན་ལ་རྒས་ཕོགས་གསར་དུ་སྤྲད་ཡོད། ཇར་མ་ནི་སྤོ་གྲི་ཀྲར་ནས་གྱོན་ཆས་ཤོག་སྒམ་ལྔ་འབྱོར་བ་དེ་རྒས་གསོ་ཁང་དུ་བགོས་འགྲེམས་ཞུས། ཕྱི་ལོ་ ༢༠༡༣ ཟླ་ ༧ ནས་བཟུང་གློ་སྒྲིག་དང་ཟུར་རྒས་ཕོགས་བཞེས་བཞིན་པ་རྣམས་ལ་ཟླ་རེར་བལ་སྒོར་ ༥༠༠ རེ་དང་། གཞིས་ཁོངས་སུ་ཡོད་ཀྱང་དང་ཟུར་མིན་པ་རྣམས་ལ་ཟླ་རེར་བལ་སྒོར་ ༣༠༠ རེ་སྤར་ཆ་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་རྒས་གསོ་ཁང་ནང་ཡོད་བཞིན་པའི་རྒས་འཁོགས་རྣམས་ལ་རྒས་ཕོགས་བལ་སྒོར་ ༡༠༠ རེ་སྤར་ཆ་གནང་སྟེ་བསྡོམས་མི་རེར་ཟླ་རེར་རྒས་ཕོགས་བལ་སྒོར་ ༨༠༠ རེ་ལག་དོད་སྤྲོད་མུས་ཡིན། དུས་ཆེན་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་ཉིན་མོ་དང་། ༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན། མང་གཙོའི་དུས་དྲན་བཅས་སྲུང་བརྩི་ཞུས་ཡོད་པ་བཅས།།