༢༠༡༤ ཟླ་ ༡ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །གངས་སྐྱིད་ལས་བྱེད་སྤྱི་ཐབ་ཀྱི་ཚོགས་ཁང་ཉམས་གསོ་ལེགས་གྲུབ་དང་སྟབས་བསྟུན་ཚོགས་ཁང་དེའི་ནང་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ལ་འགོ་ཁྲིད་གསོ་སྐྱོང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་སྲི་ཞུ་བ་རྣམས་ཚོགས་ཁང་ནང་ལྷན་འཛོམས་ཐོག་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་དེ་ལྟར་གོ་སྒྲིག་བྱེད་དགོས་དོན་ངོ་སྤྲོད་གནང་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། ཕྱག་སྦྲེལ་བཀའ་བློན་རྣམ་པས་གཙོས་བཀུར་འོས་སྤྱི་འཐུས་རྣམ་པ། དེ་བཞིན་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་ཡོངས་ལ་དེ་རིང་འདི་གར་དཔལ་འབྱོར་ལས་ཁུངས་ཀྱིས་ཉམས་གསོ་གནང་བའི་ཚོགས་ཁང་འདིའི་ནང་ཉིན་དང་པོ་འཛོམས་ཡོད་པ་ཚང་མ་དང་དཔལ་འབྱོར་ལས་ཁུངས་ཀྱི་ཕྱག་ལས་གནང་མཁན་ཡོངས་ལ་བཀའ་ཤག་གིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོ་སྲི་ཞུ་བ་ཞིག་ཡིན་པར་བརྟེན་སྤྱི་ཚོགས་ནང་འགན་འཁྱེར་བཞིན་ཡོད་སྟབས་འགོ་ཁྲིད་སྐོར་བཤད་ན་ཡག་པོ་འདུག་ཅེས་གསུངས་བྱུང། འགོ་ཁྲིད་ཡིན་ན་འགན་ཁྱེར་ཏེ་ལས་དོན་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ལ་ཞེ་ན། འགོ་ཁྲིད་བརྗོད་སྐབས་ལས་ཁུངས་ནང་ལས་ཀ་བྱེད་དགོས་པ་མ་ཟད། མི་མང་གི་འགོ་ཁྲིད་དགོས་ཀྱི་ཡོད།
སྤྱིར་བཏང་གཏམ་བཤད་བྱ་རྒྱུ་འདྲ་མིན་སྣ་ཚོགས་ཤིག་ཡོད་ཀྱང་(Public Narative) ཞེས་པ་ནི་སྐད་གྲགས་ཆེ་བ་རྩི་བཞིན་ཡོད། གང་ལ་ཞེ་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་(Public Narative) ཞེས་པའི་གསུང་བཤད་གནང་བ་བརྒྱུད་འཛམ་གླིང་ནང་གསུང་བཤད་མཁས་ཤོས་ཡིན་པ་ཡོངས་གྲགས་ཆགས་ཡོད། ཅེས་སོགས་གློག་ཀླད་བརྒྱུད་ནས་ངོ་སྤྲོད་གཟབ་རྒྱས་གནང་ཡོད་པ་མ་ཟད། ལྷག་པར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་སྲིད་འཛིན་མ་བྱས་གོང་མི་མང་ལ་གཏམ་བཤད་གནང་བ་ཁག་གཅིག་ཀྱང་གློག་ཀླད་བརྒྱུད་ནས་སྲི་ཞུ་བ་རྣམས་ལ་བསྟན་ཡོད།