༢༠༡༤ ཟླ་ ༡ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པར་དེ་ཤི་ཁུལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོ་བྱ་རྒྱུའི་ལས་གཞིའི་ཁོངས་སུ་ཊུ་ཊིང་ནས་ཡིན་པའི་བོད་མི་གཉིས་དང་ཏི་ཛུ་དར་རྒྱས་གླིང་ནས་ཡིན་པའི་བོད་མི་བདུན་ལ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལམ་སྟོན་གསུང་བཤད་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༧ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྐུ་ཚབ་དོན་གཅོད་ཁང་གི་ཚོགས་ཁང་ནང་ཕྱི་ཚེས་ ༡༨ ཉིན་ཁེ་ན་ཌར་གཞིས་སྤོས་སུ་སྐྱོད་མཁན་བོད་མི་དགུ་ལ་འཚམས་འདྲི་གནང་བ་དང་སྦྲགས། ཁོང་རྣམས་ཁེ་ན་ཌར་ཕེབས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྙིང་བཅང་ཐོག་ཡུལ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་དང་། ལྷག་པར་བོད་མིའི་ཐུན་མིན་ཡ་རབས་བཟང་སྤྱོད་ཀྱི་ལམ་སྲོལ་མི་ཉམས་རྒྱུན་འཛིན་གྱིས་བོད་མིའི་སྐུ་ཚབ་མཚོན་ཐུབ་པ་ཞིག་བྱེད་དགོས་པའི་ལམ་སྟོན་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་སྐབས་དེར་བཀའ་བློན་མཆོག་གིས་ལས་དོན་གང་སྤྱིའི་ཐད་ལྷག་བསམ་རྣམ་དག་ཐོག་ནས་འགན་འཁུར་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། དེ་བཞིན་བཀའ་བློན་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོ་གནང་རྒྱུའི་ལས་གཞིའི་སྐོར་གྱི་ཐོག་མའི་བྱུང་རིམ་རྣམས་ངོ་སྤྲོད་སྙིང་བསྡུས་གནང་། སྐབས་དེར་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དང་ནང་སྲིད་དྲུང་འཕར་དོན་སྒྲུབ་རྡོ་རྗེ་ལགས། དོན་གཅོད་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱཱ་ལགས་བཅས་ཀྱང་ཕེབས་ཡོད།