༢༠༡༤ ཟླ་ ༡ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༡ ནས་ ༡༦ བར་ཕྱོགས་ཕེབས་སྐབས་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་དང་ཆབ་སྲིད་ཚོགས་པའི་འགོ་ཁྲིད་མཇལ་འཕྲད་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་གི་གྲོས་ཚོགས་ནང་འགལ་ཟླའི་ཆབ་སྲིད་ཚོགས་པ་བྷི་ཇེ་པིའི་དབུ་ཁྲིད་བགྲེས་པ་སྐུ་ཞབས་ཨེལ་ཀེ་ཨ་ཌ་ཝ་ནི་ L. K. Advani མཆོག་དང་། མུར་ལི་མ་ནོ་ཧར་ཇོ་ཤི་ Murli Manohar Joshi མཆོག་སོགས་དང་མཇལ་འཕྲད་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག་བོད་མིའི་བདེན་པའི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་གི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཀེ་ཤཝ་དེ་སི་རཱ་ཇུ་ Mr. Keshav Desiraju ལགས་མཇལ་འཕྲད་གནང་སྐབས།
སྔ་ལོར་རྒྱ་གར་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་ཀྱི་བརྡ་ཐོ་ཞིག་ཕྱིར་བསྒྲགས་བྱས་པར་བརྟེན། རྒྱ་གར་གྱི་མཐོ་སློབ་དང་སྨན་ཁང་ཁག་གི་ནང་ཡོད་པའི་བོད་པའི་སྨན་ཞབས་པ་ཚོར་དཀའ་ངལ་འཕྲད་བཞིན་པ་དེ་དག་སེལ་ཆེད་དྲུང་ཆེ་མཆོག་གིས་མགྱོགས་མྱུར་འབད་བརྩོན་གནང་རོགས། ཞེས་འབོད་སྐུལ་ཤུགས་ཆེ་ཞུས་འདུག སྐབས་དེར་འཕྲོད་བསྟེན་དྲུང་ཆེ་མཆོག་གིས་གནད་དོན་དེ་དག་སྐོར་ཁོང་ལ་རྒྱུས་མངའ་ཡོད་པ་མ་ཟད། མགྱོགས་མྱུར་དཀའ་ངལ་དེ་དག་སེལ་ཐབས་གནང་རྒྱུ་ཡིན་སྐོར་གསུངས་འདུག