༢༠༡༣ ཟླ་ ༡ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སེར་སྨད་གྲྭ་ཚང་གི་འདུ་ཁང་ཆེན་མོའི་ནང་༸ཞབས་སོར་འཁོད་བསྟུན་སེ་ར་བྱེས་སྨད་གཉིས་ཀྱི་མཁན་པོ་དང་གཞིས་ཆགས་ཁག་གཉིས་ཀྱི་ས་གནས་འགོ་འཛིན། དེ་བཞིན་མཉམ་འབྲེལ་ཁག་གཉིས་ཀྱི་ཚོགས་གཙོ་གཉིས་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་དང་ཕྱི་ཚེས་ ༢༥ ཉིན་སེ་ར་ཐེག་ཆེན་གླིང་དུ་ཁྱོན་མི་གྲངས་ ༣༠༠༠༠ བརྒལ་བར་ལམ་རིམ་ཁྲིད་ཆེན་ཁག་གི་ཆོས་འབྲེལ་སྩལ།
ཕྱི་ཚེས་ ༢༦ དགེ་འདུན་པའི་སློབ་གཉེར་དང་བོད་པའི་འཐབ་རྩོད་སྐོར་བཀའ་སློབ་དང་། ཕྱི་ཚེས་ ༢༧ དགེ་ལྡན་པའི་བསླབ་པ་མཐར་སོན་གྱི་དགའ་སྟོན་ཐེངས་དགུ་པའི་མཛད་སྒོར་བཀའ་སློབ་དང་ཆོས་འབྲེལ་སྩལ་ཡོད། ཕྱི་ཚེས་ ༢༨ དགེ་ལྡན་བསླབ་པ་མཐར་སོན་གྱི་དགའ་སྟོན་དང་དགེ་ལྡན་བསྟན་བདག་ལྷན་ཚོགས་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་བཅས་ནས་གསར་དུ་རྩོམ་སྒྲིག་གནང་བའི་ཕྱག་དེབ་༼ལེགས་ཉེས་བདེན་རྫུན་རྣམ་འབྱེད་ལུང་རིགས་གསེར་གྱི་ལྡེ་མིག་༽ཅེས་པའི་དོལ་རྒྱལ་སྐོར་གྱི་དཔེ་དེབ་དབུ་འབྱེད་མཛད་དེ་བཀའ་སློབ་དང་ཕྱི་ཚེས་ ༢༩ ཁལ་ཁ་རྗེ་བཙུན་དམ་པའི་སྐོར་དང་མེས་པོ་དམ་པ་གན་ངྷིའི་ཚ་མོ་སུ་མི་ཏྲ་གྷན་དི་ཀུལ་ཀར་ནི་ (Sumitra Gandhi Kulkarni) མཆོག་མཇལ་འཕྲད་ཀྱིས་བཀའ་སློབ་སྩལ།
ཕྱི་ཚེས་ ༣༡ སེར་སྨད་སྒྲུབ་ཁང་དབུ་འབྱེད་དང་སློབ་གཉེར་ལ་བརྩོན་དགོས་པའི་བཀའ་སློབ་སྩལ། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ ཉིན་༸གོང་ས་མཆོག་ལ་སྨར་ཁམས་གཞིས་བྱེས་ཡོངས་ཀྱིས་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཀུན་ཁྱབ་མཛད་ཆེན་འབུལ་ལམ་ཞུས། ཕྱི་ཚེས་ ༢ སེ་ར་ཆོས་སྒར་དུ་ཚན་རིག་པ་ཚོས་ནང་ཆོས་ལ་ཡིད་དབང་འཕྲོག་བཞིན་ཡོད་སྐོར་དང་ཕྱི་ཚེས་ ༣ ཉིན་སེ་ར་ཆོས་སྒར་དུ་ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་ནས་ཆོས་འབྲེལ་གྲུབ་ཡོད། ཕྱི་ཚེས་ ༥ ཉིན་སྦེང་ལོར་བི་ཤོབ་ཁོ་ཊོན་བུའི་སློབ་གྲྭར་ལོ་འཁོར་འགན་འཛིན་ལྷན་ཚོགས་ཀྱི་མཛད་སྒོར་བཀའ་སློབ་དང་ཕྱི་ཚེས་ ༦ སྦེང་ལོར་ཡི་ཤུའི་གཙུག་ལག་སློབ་གྲྭར་གོ་ལ་གཅིག་གྱུར་གྱི་བཟང་སྤྱོད་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་སུ་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༧ ཉིན་སྭམི་ཝི་ཝེ་ཀ་ནནྡཱའི་དྲན་རྟེན་གྱི་མཛད་སྒོར་བཀའ་སློབ། ཕྱི་ཚེས་ ༩ ཉིན་ནག་པུར་གྲོང་ཁྱེར་དུ་རྒྱ་གར་ནང་པ་ཚོར་བཀའ་སློབ་སྩལ། ཕྱི་ཚེས་ ༡༡ ཉིན་བྷན་ངྷ་ར་བོད་མི་གཞིས་ཆགས་ཀྱི་མི་མང་ཚོར་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་། ཕྱི་ཚེས་ ༡༢ ཉིན་གཞིས་མི་ཚོར་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༡༣ ཉིན་བྷན་དྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་ཉིན་གྲངས་གཉིས་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། ཆ་ཏི་སི་གྷར་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་གོང་ཚེས་ཉིན་རྒྱལ་ས་ར་ཡེ་པུར་དུ་༸ཞབས་སོར་བདེ་བར་འཁོད། ཕྱི་ཚེས་ ༡༣ ཕྱེད་ཡོལ་༸གོང་ས་མཆོག་གིས་པན་ཌི་ཏ་ར་ཝི་ཤང་ཀར་ཤུཀ་ལ་གཙུག་ལག་སློབ་གཉེར་ཁང་(Pt Ravishankar Shukla University) དང་། ཝར་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ཆ་ཏི་སི་གྷར་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བའི་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་དབུ་འབྱེད་དང་སྦྲགས་ཚོགས་མགོན་དུ་དབུ་བཞུགས་མཛད།
ཕྱི་ཚེས་ ༡༤ ཉིན་རྒྱལ་ས་ར་ཡེ་པུར་ནས་རྒྱང་ཐག་སྤྱི་ལེ་ ༧༨ ཙམ་གྱི་སར་ཡོད་པའི་སིར་པུར་(Sirpur)ས་གནས་སུ་ཆིབས་སྒྱུར་གྱིས་ཁུལ་དེར་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཏུ་གནས་གཟིགས་མཛད་གྲུབ་མཚམས། སིར་པུར་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་སློབ་གྲྭ་ཞིག་གི་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ། ཕྱི་ཚེས་ ༡༥ ཉིན་གྱི་ཕྱེད་ཡོལ་ར་ཡེ་པུར་ནང་ཡོད་པའི་པན་ཌི་ཏ་ར་ཝི་ཤང་ཀར་ཤུཀ་ལ་གཙུག་ལག་སློབ་གཉེར་ཁང་དུ་མང་ཚོགས་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༦ ཉིན་རཱ་ཡེ་པུར་ནས་མཁའ་ལམ་བརྒྱུད་ཕྱེད་ཡོལ་ ༢།༠༠ ཡོལ་ཙམ་ཐོག་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་ཆོས་རིག་བཀའ་བློན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་། བདེ་སྲུང་བཀའ་བློན་མཆོག གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས་རྡ་སའི་མི་མང་རྣམས་ཀྱིས་གཙོས་དད་ལྡན་པ་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས། །