༢༠༡༤ ཟླ་ ༡ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས། བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་གཞོན་སྐྱེས་རྩོམ་པ་པོ་དང་སྒྱུ་རྩལ་པ་གངས་ཉི་འམ་ཀུན་དགའ་ཚངས་དབྱངས་ལགས། གློ་བུར་འཛིན་བཟུང་བྱས་ཏེ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་བཙོན་བཙོན་བཀྲོལ་ཐོབ་སྟེ་བླ་བྲང་དགོན་དུ་ཕེབས་ཡོད་འདུག ཕྱི་ཚེས་ ༡༤ ཉིན་ཕྱིར་རང་ཡུལ་དུ་ཕེབས་སྐབས་མགོ་ལོག་གཅིག་སྒྲིལ་ས་གནས་མི་ཚོགས་ཀྱིས་རླུང་རྟ་གཏོར་བ་དང་ཁ་བཏགས་གཡོགས་ཏེ་ཕེབས་བསུ་ཞུས་ཡོད་འདུག
གཞོན་སྐྱེས་རྩོམ་པ་པོ་ཀུན་དགའ་ཚངས་དབྱངས་ལགས་ནི། བོད་མདོ་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ལུང་དཀར་དགོན་པའི་གྲྭ་པ་ཡིན་ཞིང། ཕྱིས་སུ་བླ་བྲང་བཀྲ་ཤིས་<འཁྱིལ་དུ་སློབ་གཉེར་གནང་ཡོད་འདུག ཁོང་གིས་དེ་སྔོན་བོད་ནང་གི་དུས་དེབ་དང་དྲ་རྒྱ་སོགས་སུ་རྩོམ་ཡིག་སྣ་མང་སྤེལ་མྱོང་བ་མ་ཟད། ༼གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ༽ཞེས་བའི་ནང་པར་བའི་ཕྱག་ལས་གནང་སྟེ། ཁོང་གི་པར་རིས་སྒྱུ་རྩལ་ལ་བོད་མི་མང་པོས་དགའ་མོས་བྱེད་ཀྱི་ཡོད་འདུག ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༣ པའི་ཚེས་ ༡༢ ཉིན་མཚན་མོ་ཀན་ལྷོ་ཁུལ་བདེ་འཇགས་མི་སྣས་གློ་བུར་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཟླ་བ་བདུན་ལྷག་གི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་ཀན་ལྷོ་ཁུལ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་དང་། མེས་རྒྱལ་ཁབ་བྲལ་གྱི་རྩོམ་ཡིག་སྤེལ་བའི་ཉེས་མིང་འོག་ལོ ༥ བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ད་ལྟའི་བར་རྒྱ་ནག་ལན་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་བྱེ་ཐང་ཆེན་མོའི་ཁྲིམས་ཁང་(大少平) བཙོན་འཇུག་བཀག་ཉར་བྱས་ཡོད་འདུག
ལྷག་པར་ཀུན་དགའ་ཚངས་དབྱངས་ལགས་ཀྱིས། ༼ང་ཚོའི་སྲིད་གཞུང་གང་དུ་ཡོད༽ ཅེས་པ་དང་༼ལྷ་ས་སྔར་བཞིན་ལྷ་ས་མ་ཡིན༽། ༼ང་ཚོའི་ལྷིང་འཇགས་དཀྲོགས་མཁན་དེ་སུ་རེད༽ཅེས་པའི་རྩོམ་ཡིག་ཁག་ལ་རྒྱ་གཞུང་གིས་འདྲི་གཅོད་ནན་མོ་བྱས་ཡོད་འདུག ཁྲིམས་རྩོད་པས་༼ལྷ་ས་སྔར་བཞིན་ལྷ་ས་མ་ཡིན༽ ཞེས་པའི་དོན་ག་རེ་ཡིན་མིན་དྲིས་སྐབས། ཁོང་གིས་ཁྱོད་ཚོས་མེ་འཁོར་ལྕགས་ལམ་དང་ཁང་པ་སོགས་འཛུགས་སྐྲུན་བྱས་པ་བདེན་ཡང། དོན་དངོས་ཐོག་ལྷ་ས་ནི་བོད་མི་རྣམས་ཀྱི་སྙིང་ནོར་ལྟ་བུ་ཡིན་པས། དེང་སྐབས་ལྷ་སར་མཚོན་ན་ཆོས་སྲིད་གཉིས་ཀྱི་ཐོག་ནས་ཉམས་གུད་ཆེན་པོ་བཏང་བར་བརྗོད་ཀྱི་ཡོད། ཅེས་ལན་བཏབ་ཡོད་འདུག ཡང་ ༼ང་ཚོའི་སྲིད་གཞུང་གང་དུ་ཡོད༽ ཅེས་པའི་སྐོར་དྲིས་སྐབས་ཁོང་གིས། ཀྲུང་དབྱང་གིས་རྩ་འཛིན་ཡིག་ཆ་གང་མང་ཞིག་གཏན་འབེབ་བྱས་ཡོད་ཀྱང། རང་སྐྱོང་ས་ཁུལ་ལ་མཚོན་ན་ཡིག་ཆ་དེ་དག་ལག་ལེན་རྩ་བ་ནས་བསྟར་གྱི་མི་འདུག་ཅེས་བརྗོད་སྐབས། ཉེན་རྟོག་པས་ཁོང་གི་སྐད་ཆའི་འཕྲོ་བཅད་ཡོད་འདུག