༢༠༡༤ ཟླ་ ༡ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེར་ར་ཐེག་ཆེན་གླིང་གི་ཡ་རྒྱས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭར་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཆོས་ཉིན་མཐའ་མའི་ཆོས་འབྲེལ་ལེགས་པར་གྲུབ་སྟེ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་ཆེ་བ་སྩལ་བསྟུན། བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་མང་ཚོགས་གསུམ་ཁྲི་བརྒལ་བའི་ཁྲོད་དོལ་རྒྱལ་སྐོར་གསུང་བཤད་གནང་དོན།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་ནས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་གདན་ས་ཁག་གི་མཁན་པོ་རྣམ་པ་དང་། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོས་དབུས་པའི་སྤྱི་འཐུས་རྣམ་པ་དང་སྤྱི་ཟུར་རྣམ་པ། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དབུས་སྲི་ཞུ་བ་རྣམ་པ། ལྷོ་སྤྱིས་གཙོས་གཞིས་འགོ་རྣམ་པ་བཅས་མདོར་ན་སེར་སྐྱ་མི་མང་རྣམས་ལ་ངས་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་དགའ་སྤོབས་ཆེན་པོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཉིན་བཅུ་རིང་བླ་མ་བཀའ་དྲིན་ཅན་གྱིས་ལམ་རིམ་བཀའ་ཆོས་སྩལ་བ་དང་ཆོས་ཞུ་མཁན་སྐྱ་སེར་ཚང་མས་འཇིག་སྣང་གང་ཡང་མེད་པར་རང་དབང་ཆེན་པོའི་ཐོག་ནས་བཀའ་ཆོས་ལ་བཅར་ཐུབ་པ་དང་། བཀའ་ཆོས་སྩལ་ཡུལ་གདན་ས་ཆེན་པོ་སེ་ར་ཆོས་སྒར་དུ་འདི་ལྟ་བུའི་མཐུན་རྐྱེན་འཛོམས་པོ་ཡོད་པ་ནི་ང་ཚོ་ཚང་མའི་བསོད་ནམས་བསགས་པའི་འབྲས་བུ་ཞིག་ཡིན་པའི་དགའ་སྤོབས་ཀྱི་ཚོར་སྣང་ཡོང་བཞིན་འདུག སོ་སོ་རང་ཉིད་ལྟ་བུར་མཚོན་ན་ལོ་བཅོ་ལྔའི་རྗེས་སུ་༸སྐྱབས་མགོན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སེ་ར་ཆོས་སྒར་དུ་སླར་ཡང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་འདིར་ལང་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཡིན་པའི་ཚོར་སྣང་ཡོང་བཞིན་འདུག ངས་དེ་རིང་འདིར་བཀའ་ཤག་གི་ཚབ་ཞུས་ཏེ་གཏམ་བཤད་གཅིག་སྤེལ་དགོས་ཀྱི་ཡོད། ཉེ་ལམ་སྲིད་སྐྱོང་མཆོག་སྨར་ཁམས་གཞིས་བྱེས་གཉིས་ཀྱི་བརྟན་ཞུགས་ཚོགས་པས་གདན་ཞུ་ཕུལ་ཡོད་ཀྱང་ལས་དོན་གཅིག་གི་ཐོག་ནས་བཅར་མ་ཐུབ། ང་རང་ཆོས་རིག་དང་འབྲེལ་བ་ཡོད་པར་བརྟེན་བཅར་བ་ཡིན། ཉིན་བཅུའི་རིང་༸གོང་ས་མཆོག་གིས་བཀའ་ཆོས་སྩལ་བ་དེས་མི་མང་ཚོའི་སེམས་ནང་ཞི་བདེའི་ཚོར་བ་ཧ་ཅང་ཆེན་པོ་ཡོད་པའི་སྐབས་འདིར་ངས་འདི་གར་བོད་ཀྱི་གནས་སྟངས་དང་འབྲེལ་བའི་ཆབ་སྲིད་ཀྱི་ཚིག་འགའ་ཤས་བཤད་པ་ཡིན་ན། གསན་འདོད་ཡོང་རྒྱུ་ཡིན་མིན་གྱི་དྲི་བ་ཞིག་སླེབ་བཞིན་འདུག འོན་ཀྱང་ཆོས་སྲིད་ཟུང་འབྲེལ་ཡིན་སྟབས། ང་ཚོར་ཆོས་དར་ས་ལ་སྲིད་དགོས་འདུག སྲིད་དར་ས་ལ་ཆོས་དར་དགོས།
དེ་བཞིན་ད་ལྟ་བོད་གངས་ཅན་གྱི་མི་རིགས་འདི་འཛམ་གླིང་འདིའི་སྟེང་གཞན་དང་མི་འདྲ་བའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད། བོད་མི་རིགས་དང་བོད་ཟེར་བ་འདི་གནས་དང་མ་གནས་ཀྱི་ཛ་དྲག་ཆེ་བའི་དུས་སྐབས་ཤིག་འོག་འགྲོ་བཞིན་སྐབས་འདིར། བོད་མི་རིགས་ཀྱི་རྩ་དོན་གྱི་འགན་བོད་རིགས་སྤྱི་བོ་གནམ་བསྟན་ཚང་མར་ཡོད་པར་བརྟེན་འགན་ཁུར་དགོས་པ་ཞིག་ལ་ང་ཚོས་ངོས་འཛིན་ཞུ་བཞིན་ཡོད། དེ་ལྟ་བུའི་ཐོག་ནས་ཚིག་འགའ་ཤས་ཞུས་པ་ཡིན་ན་ཕལ་ཆེར་གསན་དགོས་པ་དང་གསན་རྒྱུ་རེད་བསམས་པའི་བསམ་བློ་གཉིས་པ་ཞིག་འཁོར་ནས། དེ་རིང་བཀའ་ཤག་གི་ཚབ་ཞུས་ཏེ་ཚིག་འགའ་ཤས་ཞུ་རྒྱུ་ཡིན། དེ་ཡང་ཚང་མས་མཁྱེན་གསལ་ལྟར་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་མཛད་པ་ལྟར། སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པ་ཚང་མའི་ཐོག་འགན་ཁུར་བཞེས་ནས་ལོ་གཉིས་དང་ཟླ་བ་བཞི་ཕྱིན་ཡོད། དུས་ཡུན་དེའི་རིང་ལས་དོན་ལ་འཐུས་ཤོར་བྱུང་བསམ་པ་དང་། ལས་དོན་ཚགས་མ་ཚུད་པ་དང་གྲ་མ་འགྲིག་པ་བྱུང་སོང་བསམ་པ། དེ་བཞིན་མི་མང་ཁྲོད་རྙོག་གླེང་དང་ལབ་གླེང་བྱུང་སོང་བསམ་པ་བྱུང་མ་སོང་། དེ་བཞིན་བཀའ་ཤག་ཙམ་མ་ཟད། བཀའ་སྤྱི་གཉིས་ཀྱིས་ལས་དོན་མང་པོ་ཞིག་གི་ཐོག་ལས་འགུལ་དང་ལས་འཆར་གསར་པ་གང་ལ་གང་ཙམ་ཞིག་སྤེལ་ཐུབ་ཡོད།
དེར་བརྟེན་དེ་རིང་འདིར་སྤོབས་པ་ཆེན་པོའི་ཐོག་ནས་ལོ་གཉིས་ཀྱི་གྲུབ་འབྲས་ལྟ་བུ་འདིར་སྙན་སྒྲོན་ཞུ་བཞིན་ཡོད། དེ་ཡང་གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་རླབས་དང་ཐུགས་རྗེ་བཀྲིན། བོད་གཞིས་བྱེས་གཉིས་ཀྱི་ནུས་མཐུ་དང་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ང་ཚོས་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་ད་ལྟ་བཀའ་ཤག་གི་ལོ་གཉིས༌དང་ཟླ་བ་བཞིའི་རིང་ལས་དོན་སྤེལ་བཞིན་པ་འདི་མུ་མཐུད་ནས་སྤེལ་དགོས་པ་ཞིག་ཆགས་ཡོད། དེ་ཡང་སྲིད་སྐྱོང་མཆོག་གིས་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོའི་ལྟ་གྲུབ་གསུམ་གསར་གཏོད་གནང་བ་ཕལ་ཆེར་ཚང་མས་མཁྱེན་གྱི་རེད། ཆིག་སྒྲིལ་ནི་བོད་ཀྱི་བདེན་མཐའ་གསལ་ཆེད་མེད་དུ་མི་རུང་བའི་ལག་ཆ་ལྟ་བུ་རེད། ཆོས་ལུགས་དང་ཆོལ་ཁ་དབྱེར་མེད། ཕོ་མོ་འདྲ་མཉམ་ཐོག་ནས་ལས་དོན་སྤེལ་དགོས་པ་ཡིན། འདི་ང་ཚོས་གལ་ཆེན་པོ་དང་རྩ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་བཞིན་གསར་གཏོད། ཅེས་ངས་བརྗོད་སྐབས་འདིར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་གཞུང་ཞབས་རྙིང་པ་དབུ་དཀར་པོ་ཆགས་པ་གང་ལ་གང་ཙམ་འདིར་ཕེབས་ཡོད་པ་རྣམས་ཀྱིས་དངོས་གནས་དྲང་གནས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྒྲིག་འཛུགས་འདི་ཧྲ་ཏག་ཏག་ཅིག་ཁོང་རྣམ་པས་བཙུགས་པ་དེར་བཀའ་དྲིན་རྗེས་དྲན་ཞུ་འདོད་བྱུང་། ང་ཚོ་ད་ལྟ་དུས་རབས་ཉེར་གཅིག་ནང་འགྲོ་བཞིན་ཡོད། སྤྱིར་བཏང་འཛམ་གླིང་ནང་ཆབ་སྲིད་ཁོར་ཡུག་དང་མིའི་བསམ་བློ། ལྟ་གྲུབ་སོགས་ལོ་དང་ཟླ་བའི་ནང་འགྱུར་བ་འགྲོ་བཞིན་ཡོད། འགྱུར་བ་དེ་དག་ལ་གཞི་བཅོལ་ནས་ང་ཚོས་ཀྱང་གོམ་པ་མཉམ་སྤོས་བྱས་སྟབས། ང་ཚོས་ཀྱང་གསར་གཏོད་གང་ལ་གང་ཙམ་བྱས་དང་བྱེད་མུས་ཡིན། ལྟ་གྲུབ་གསུམ་པ་འདི་རང་ཁ་རང་གསོ་ཡིན། རང་ཁ་རང་གསོ་ཞེས་པ་ནི་ཕུགས་རྒྱང་རིང་པོའི་འཆར་སྣང་ཞིག་ཡིན། བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་གནད་དོན་མུ་མཐུད་ནས་གནས་དགོས་ཀྱི་ཡོད། དེ་གནས་པར་ད་བར་ང་ཚོས་རོགས་རམ་མང་པོ་ཞིག་ཞུས་ནས་གནས་པ་རེད། འོན་ཀྱང་ང་ཚོས་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་སྐབས་མ་འོངས་པར་སོ་སོའི་རྐང་པའི་སྟེང་ལང་ཐུབ་པ་ཙམ་མ་ཟད། རང་ཁ་རང་གིས་གསོ་ཐུབ་པའི་འཆར་གཞི་དང་སྲིད་བྱུས་ཤིག་དགོས་ཀྱི་ཡོད། ལྟ་གྲུབ་གསུམ་པོ་བབ་ས་དེ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བབ་དགོས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཕྱི་ལོ་ ༡༩༧༤ ཙམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་བཞེས་ནས་སྐབས་དེའི་ཆབ་སྲིད་ཀྱི་འགན་འཁྱེར་མཁན་མཛད་གཙོ་རྣམ་པས་དབུས་འབྲེལ་ཡོད་མང་པོ་ཞིག་དང་བཀའ་བསྡུར་མཛད་མཐར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ནང་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཆགས་ཡོད།
དེར་བརྟེན་ང་ཚོས་སྲིད་བྱུས་འདི་ཡང་དག་པ་གཅིག་དང་རྩ་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་འདི་བརྒྱུད་ནས་བོད་རྒྱའི་གྲོས་མོལ་ཐོག་ནས་དཀའ་ངལ་སེལ་ཐབས་ང་ཚོས་དུས་རྒྱུན་དུ་འབད་བརྩོན་བྱས་དང་བྱེད་མུས་ཡིན། བོད་རྒྱ་གྲོས་མོལ་ནི་བོད་དོན་བདེན་མཐའ་གསལ་ཆེད་ཡིན། བོད་དོན་བདེན་མཐའ་གསལ་བ་ཞེས་པ་ནི། ཆོལ་གསུམ་བོད་རིགས་རྣམས་གཅིག་ཏུ་བསྒྲིལ་བའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་འཛིན་སྐྱོང་གཅིགི་གི་འོག་གནས་རྒྱུ་ཡིན། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེར་ངོ་ལྐོག་གཉིས་དང་རྒྱབ་མདུན་གཉིས་གང་ཡང་མེད་པར་ཕྱི་གསལ་ནང་གསལ་ཡིན་པ་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཡང་ནས་ཡང་དུ་བཀའ་སློབ་སྩལ་ཡོད། ཕྱོགས་མཚུངས་དེང་སྐབས་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་གཙོས་མཛད་གཙོ་རྣམ་པས་འཛམ་གླིང་ས་ཕྱོགས་གང་སར་དབུ་མའི་ལམ་གྱི་སྲིད་བྱུས་འདི་བདེན་པ་དང་འཚེ་བ་མེད་པ། ཕྱི་གསལ་ནང་གསལ་གྱི་སྲིད་བྱུས་ཤིག་ཡིན་པའི་གཏམ་བཤད་སྤེལ་དང་སྤེལ་མུས་རེད། དེར་བརྟེན་ང་ཚོས་འཐབ་རྩོད་བྱ་རྒྱུ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད་པ་ལས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད་ལ་བོད་དང་བོད་ཆེན་པོའི་ཐ་སྙད་ཡང་བེད་སྤྱོད་བྱེད་ཀྱི་མེད། ང་ཚོའི་དགོས་འདུན་གང་ཡིན་བརྗོད་ན། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། འོན་ཀྱང་ད་བར་རྒྱ་ནག་གི་འགོ་ཁྲིད་ཚོས་དུས་རྟག་ཏུ་ང་ཚོར་ཁ་བྲལ་བ་དང་ངོ་ལོག་པ་ཡིན་པའི་སྐྱོན་བརྗོད་བྱས་དང་བྱེད་མུས་རེད། ཉེ་ལམ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ཀྲུའུ་ལི་ཆང་གིས་ཨི་ཊ་ལི་དང་སུད་སིར་ཕྱིན་ནས་གཏམ་བཤད་སྐབས་སྲིད་སྐྱོང་བློ་བཟང་སེང་གེའི་མིང་འབོད་ཐེངས་བཞི་བྱས་ནས་ཁ་བྲལ་རིང་ལུགས་པའི་ལྟ་བ་མཁྲེགས་འཛིན་པ་རེད། ཅེས་སྐྱོན་བརྗོད་བྱས་ཡོད།
ང་ཚོའི་ཕྱོགས་ནས་འཛམ་གླིང་འདིའི་སྟེང་ཡིག་ངག་གཉིས་ཐོག་ནས་ཁ་བྲལ་རྩོད་ཀྱི་མེད་པ་བརྗོད་བཞིན་ཡོད། དེ་འདྲའི་གནས་སྟངས་འོག་ང་ཚོའི་གནས་བབ་འགྲོ་བཞིན་ཡོད། དེར་བརྟེན་ཁོང་ཚོས་གང་བཤད་ཀྱང་། ངོས་ལེན་ཇི་འདྲ་ཞིག་གནང་མིན་ལ་མ་ལྟོས་པར་ང་ཚོས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་བདེན་པ་དང་དྲང་པོར་གཞི་བཅོལ་བཞིག་ཡིན་སྟབས་དེར་འགྱུར་བ་གཏོང་དགོས་པ་གང་ཡང་མེད། དེ་བཞིན་འཛམ་གླིང་ཐོག་དབུ་མའི་ལམ་གྱི་ལངས་ཕྱོགས་དེ་བདེན་པ་དང་འཚེ་བ་མེད་པ་རེད། ཅེས་རྒྱབ་སྐྱོར་གནང་མཁན་ལོ་རེ་ནས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ཕྱི་ལོ་ ༢༠༡༡ ནས་ད་བར་རྒྱལ་སྤྱིའི་གྲོས་ཚོགས་བཅུ་ལྷག་ནང་དབུ་མའི་ལམ་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཡོད། གྲོས་ཆོད་དེ་དག་ལས་སླ་པོ་ཞིག་རྩ་བ་ནས་མིན། ཡིན་ནའང་ཁོང་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་འོས་ཤིང་འཚམས་པ་ཞིག་མཐོང་ནས་རྒྱབ་སྐྱོར་གནང་བཞིན་ཡོད། འདི་ང་ཚོས་གཟི་བརྗིད་ཆེན་པོ་ཞིག་དང་རྩ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ང་ཚོའི་བདེན་མཐའ་གསལ་ཐབས་དང་ང་ཚོའི་ལངས་ཕྱོགས། དེ་བཞིན་རྒྱ་ནག་དམར་པོའི་སྲིད་གཞུང་གི་བྱེད་ཕྱོགས་དེ་དག་དང་། བོད་ནང་དུ་གཉའ་གནོན་ག་ཚོད་ཡོད་མེད་དེ་ང་ཚོས་འཛམ་གླིང་སྡིངས་ཆ་འདིའི་སྟེང་འཇོག་ཐུབ་དགོས། དེའི་ཆེད་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་དང་ཨ་རིའི་ས་ཁུལ་ཕལ་ཆེ་བའི་ནང་ཕེབས་ནས་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ལས་ཁུངས། ཁྲིམས་བཟོ་བ་སོགས་དང་མཇལ་འཕྲད་གནང་ནས་ཆབ་སྲིད་དང་ཤེས་ཡོན། དཔལ་འབྱོར་གང་གི་ཆ་ནས་ལས་དོན་གང་ལ་གང་ཙམ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་དེ་རིང་འདིར་ངས་སྙན་གསེང་ཞུ་འདོད་བྱུང་།
དེ་བཞིན་བཀའ་བློན་རྣམ་པ་ཚོས་ཀྱང་བོད་སྤྱིའི་རྩ་དོན་ཆེད་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་དང་ཕེབས་མུས་ཡིན། ཕྱོགས་མཚུངས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་མཇལ་རྒྱུས་མཚོན་ལས་དོན་སྤེལ་དང་སྤེལ་མུས་རེད། དེ་བཞིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཆབ་སྲིད་ཆབ་སྲིད་ཀྱི་འགན་ཁུར་གནང་མིན་ལ་མ་ལྟོས་པར་འཛམ་གླིང་ས་ཕྱོགས་གང་སར་ཕེབས་བཞིན་ཡོད། ཉེ་ལམ་ཁོང་སུད་སི་དང་འཇར་མན་སོགས་ཀྱི་ནང་ཕེབས་ཡོད། ང་ཚོ་འཆམ་འཆམ་དང་སྤྲོ་སྐྱིད་གཏོང་བར་འགྲོ་གི་མེད། བོད་མིའི་དཀའ་ངལ་དང་། བོད་མིའི་གནད་དོན་འདི་ང་ཚོས་འཛམ་གླིང་སྡིངས་ཆའི་སྟེང་འཇོག་ཐུབ་པ་དགོས་ཀྱི་ཡོད། དེ་ལྟར་ཡོང་རྒྱུར་འབད་བརྩོན་ཆེད་ང་ཚོས་རྒྱལ་ཁབ་འདྲ་མིན་ནང་ཕྱིན་ནས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་དང་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དེ་བཞིན་ས་གནས་ཁག་ཏུ་གནས་སྡོད་བོད་རིགས་སྤུན་ཟླ་ཚོ་དང་ཐུག་ནས་བོད་ཀྱི་དཀའ་ངལ་དང་རྩ་དོན་རྣམས་གསལ་བཤད་ཞུ་བཞིན་ཡོད། དེར་བརྟེན་ལས་དོན་འདི་གལ་ཆེན་པོ་ཞིག་ཆགས་བཞིན་ཡོད། ང་ཚོ་གང་དུ་ཕྱིན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བོད་དོན་ཐོག་རྒྱབ་སྐྱོར་དང་དོ་སྣང་བྱེད་མཁན། བོད་དོན་སྐོར་དྲི་བ་འདྲི་མཁན་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་ད་བར་ལམ་དབུ་མའི་སྲིད་བྱུས་ཐོག་ལ་རྒྱབ་སྐྱོར་གནང་མཁན་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། ལྷག་པར་རྒྱ་ནག་མི་དམངས་ཁྲོད་མཁས་དབང་དང་རྩོམ་པ་པོ། ཆབ་སྲིད་པ། ཁྲིམས་རྩོད་པ་སོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་བ་ཧ་ཅང་མང་པོ་བྱུང་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་སྟོབས་འབྱོར་མངའ་ཐང་ཧ་ཅང་ཆེ་བ་ཞིག་ཡིན་པ་ང་ཚོས་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་མཐར་བདེན་པར་རྒྱལ་ཁ་འཐོབ་རྒྱུ་འདི་འཇིག་རྟེན་གྱི་ཆོས་ཉིད་རེད།
གནས་ཚུལ་གཞན་ཞིག་དགའ་སྤྲོ་ཆེན་པོའི་ཐོག་ནས་ཞུ་དགོས་པ་ཞིག་ལ་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཉིས་སྨན་དབུ་མའི་ལམ་ལ་བརྟེན་ནས་རྒྱ་བོད་གཞི་འགྲིག་ཡོང་རྒྱུའི་མཚམས་བར་མགོན་པོ་གང་ཉིད་མཆོག་སྐུ་ཚེ་འཚོ་གཞེས་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད། འདི་ང་ཚོས་ཧ་ཅང་དགའ་སྤྲོ་སྐྱེ་དགོས་པ་དང་། རྩ་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་རིང་འདིར་༸གོང་ས་མཆོག་དབུ་བཞུགས་ཐོག་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་འདུ་འཛོམས་མཛད་ཡོད། དེ་རིང་ངས་ཆོས་རིག་བཀའ་བློན་ཡིན་པའི་འགན་ཞིག་འཁྱེར་ནས་ཞུ་ན། ང་ཚོའི་བོད་བརྒྱུད་ནང་བསྟན་འདི་བཤད་སྒྲུབ་ཟུང་འབྲེལ་ཐོག་ནས་མི་ཉམས་རྒྱུན་འཛིན་མཛད་བཞིན་པ་ནི་ཧ་ཅང་རྩ་ཆེན་པོ་ཞིག་དང་རིན་ཐང་ཆེན་པོ་ཞིག་ཡིན། ཕྱི་ལོ་ ༡༩༧༡ ལོར་དབུས་གཞོན་ནུ་ལྷན་ཚོགས་ཐོག་མར་འཚོགས་སྐབས་༸གོང་ས་མཆོག་གིས་འཛམ་གླིང་སྒང་ང་ཚོར་ངོམས་སུ་ཆོག་པ་གཅིག་ཡོད་པ་ནི་བོད་བརྒྱུད་ནང་བསྟན་ཁོ་ན་ཡིན་པ་ལས་གཞན་ཆབ་སྲིད་དང་དཔལ་འབྱོར་གང་གི་ཆ་ནས་ངོམས་ཆོག་པ་གང་ཡང་མེད། ཅེས་བཀའ་སྩལ་ཡོད། ད་ཆ་ལྟ་སྐབས་འཛམ་གླིང་གི་མི་མང་ཚོས་བོད་པར་དོ་སྣང་བྱ་རྒྱུ་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་ལ་བརྟེན་ནས་ཡིན་སྟབས། ཧ་ཅང་རྩ་ཆེན་པོ་ཆགས་ཡོད། ང་ཆོས་རིག་བཀའ་བློན་བསྐོས་རྗེས་ཨ་རི་དང་ཡུ་རོབ། ཨེ་ཤི་ཡའི་ནང་དུ་ནང་པའི་བསྟི་གནས་ཇི་ཙམ་ཡོད་མེད་ཉམས་ཞིབ་བྱེད་སྐབས་ཆོས་ཚོགས་ ༧༧༨ བཙུགས་འདུག ཕྱི་ལོ་ ༡༩༥༩ གོང་ལ་ཡུལ་གྲུ་དེ་དག་ནང་བོད་མི་རིགས་དང་བོད་ཀྱི་ནང་ཆོས་ལྟ་ཅི་བོད་ཟེར་བ་མང་པོ་ཞིག་གིས་ཤེས་ཀྱི་མེད། འོན་ཀྱང་ཕྱི་ལོ་ ༡༩༥༩ རྗེས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་སྐུ་ངལ་འཛེམས་མེད་ཐོག་ཡུལ་གྲུ་གང་སར་ཕེབས་ནས་བོད་བརྒྱུད་ནང་ཆོས་དར་སྤེལ་མཛད་པར་བརྟེན་ད་ཆ་གནས་སྟངས་འདི་ལྟར་བསླེབས་ཡོད།
ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་སྐྱབས་བཅོལ་བ་ཁྲི་བརྒྱད་ཙམ་རྒྱ་གར་དུ་བསླེབས་ཡོད། དེར་བརྟེན་སྐབས་དེར་ཐོག་མར་སྦག་ས་ཆོས་སྒར་དུ་དགེ་འདུན་པ་སྟོང་ཕྲག་འགའ་ཤས་ཀྱིས་སྐུ་ངལ་འཛེམས་མེད་ཐོག་འབད་བརྩོན་གནང་འབྲས་སུ་རིམ་བཞིན་ད་ལྟའི་གནས་སྟངས་འདི་ལྟ་བུ་ཆགས་ཐུབ་པར་བརྟེན། དེ་རིང་ངས་གོ་སྐབས་འདི་བཟུང་ནས་སྦག་སའི་དགེ་འདུན་པ་འདས་གསོན་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ད་བར་ང་ཚོས་དེ་ལྟར་བྱས་ནས་ཕྱིན་ཡོད་ཀྱང་ད་ཆ་ང་ཚོའི་མདུན་ལ་དྲི་བ་ཞིག་སླེབ་བཞིན་ཡོད་པ་ནི། ང་ཚོ་ལོ་བཅུ་དང་ཉི་ཤུའི་མཚམས་སུ་གནས་སྟངས་ཇི་འདྲ་ཞིག་ཆགས་རྒྱུ་རེད། ཅེས་པ་འདི་ཡིན།
༸སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞིར་བཞག་ཐོག་ང་ཚོས་ཕྱི་ཟླ་ ༥ ནང་བཤད་སྒྲུབ་བསྟན་པ་གོང་འཕེལ་ཆེད་ཆོས་རིག་ལས༌ཁུངས་འཛིན་སྐྱོང་འོག་ལྷན་ཚོགས་ཤིག་ཚོགས་ནས་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བྱེད་ས་ཞིག་གཏན་འབེབས་བྱས་པ་ཡིན། ཕྱོགས་མཚུངས་ཉེ་ལམ་མཁས་པའི་ཚོགས་ཆུང་བཙུགས་ནས་རིགས་གཅིག་རྐང་འཛིན་གྱི་སློབ་མ་འདེམས་སྒྲུག་བྱེད་སྐབས་སློབ་མ་ཉི་ཤུ་རྩ་གཉིས་འདུག ཅེས་གསུངས།
ལྷག་པར་བཀའ་བློན་མཆོག་གིས་དོལ་རྒྱལ་སྐོར་གསུང་དོན། དེ་རིང་འདིར་དོལ་རྒྱལ་སྐོར་ལ་ཞུ་འདོད་བྱུང་། སྤྱིར་སངས་རྒྱས་གང་དུ་ཕེབས་ས་དེར་བདུད་ལྷ་སྦྱིན་ཡོད། ཅེས་བཤད་སྲོལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་བཅུ་དྲུག་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་སྐུ་ངལ་འཛེམས་མེད་ཀྱིས་ད་བར་མཛད་འཕྲིན་བསྐྱངས་པ་དེ་དག་བོད་མི་ས་ཡ་དྲུག་གིས་དུས་ནམ་ཡང་བརྗེད་ཐབས་མེད་པའི་བཀའ་དྲིན་བླ་ན་མེད་པ་ཞིག་ཡིན། འོན་ཀྱང་བོད་མི་རེ་ཟུང་ཞིག་གིས་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་སྐད་འབོད་བྱས་དང་བྱེད་བཞིན་ཡོད་པ་ནི་ཧ་ཅང་ཐབས་སྐྱོ་བོ་ཡིན། སྔ་ལོ་ནིའུ་ཡོཀ་དང་ཝི་སི་ཀོན་སིན་ནང་སྐད་འབོད་བྱས་པ་ཙམ་མ་ཟད། ཨ་རི་ནས་ཨོ་སི་ཊོ་ལི་ཡར་སྐད་འབོད་བྱེད་པར་སོང་ཡོད། དོལ་རྒྱལ་བསྟེན་མཁན་སེར་འབྲས་དགའ་གསུམ་གང་དུ་ཡོད་ཀྱང་ཁོང་ཚོར་ངས་དྲན་སྐུལ་ཞིག་ཞུ་འདོད་བྱུང་།
གང་ཡིན་བརྗོད་ན། ང་ཚོ་བཙན་བྱོལ་ལ་གྱར་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཕྱི་ལོ་ ༡༩༥༩ ལོར་རྒྱ་མི་དམར་པོས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཙམ་དམར་གསོད་བཏང་ཡོད་པ་མ་ཟད། ཕྱིས་སུ་རིག་གནས་གསར་བརྗེའི་སྐབས་བོད་ནང་དགོན་སྡེ་དྲུག་སྟོང་ལྷག་གྱང་རོ་མ་གཏོགས་རྩ་མེད་བཏང་ཡོད། བོད་ཀྱི་དགོན་སྡེ་ཁག་ནང་རྟེན་སྐུ་རིན་ཐང་ཆེ་བ་དང་རྩ་ཆེ་བ་ཚང་མ་རྒྱ་ནག་ཏུ་འོར་འདྲེན་བྱས་ཡོད། ད་ལྟ་དོལ་རྒྱལ་རྗེས་འབྲང་པ་རེ་ཟུང་ཡོད་པ་དེ་དག་གི་ཕ་མ་དང་ནང་མི་སྤུན་ཉེ་སོགས་རྒྱ་མིས་བསད་པའི་ནང་ཏན་ཏན་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་མི་བོད་ནང་འཛུལ་སྐབས་མདོ་སྟོད་སྨད་ཕྱོགས་ནས་འཛུལ་བ་རེད། དེ་དག་ཚང་མས་མཁྱེན་པའི་ཐོག་ནས་རྒྱབ་མདུན་མ་ནོར་བ་བྱེད་དགོས། དེ་ལྟར་བྱེད་མཁན་གྱི་དགྲ་བོ་ཕར་བཞག་ནས་ཚུར་ཕྱོགས་འདིར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལས་དོན་སྒྲུབ་མཁན་ཚོར་ངོ་རྒོལ་བྱེད་རྒྱུ་འདི་ཐབས་སྡུག་རེད། ང་རང་སྒེར་ལྟ་བུར་མཚོན་དོལ་རྒྱལ་རྗེས་འབྲང་པ་ཚོས་དྲ་རྒྱའི་ཐོག་ངའི་སྐོར་འདྲ་མིན་སྣ་ཚོགས་བཤད་ནས་སྐྱོན་བརྗོད་ཧ་ཅང་བྱས་འདུག སྐྱོན་བརྗོད་བྱ་རྒྱུ་འདི་འགྲིག་ཡོད་དམ་མེད། བོད་མི་ཁྲི་ཕྲག་མང་པོ་དམར་གསོད་གཏོང་མཁན་དང་དགོན་སྡེ་སྟོང་ཕྲག་མང་པོ་རྩ་མེད་གཏོང་མཁན་གྱི་དགྲ་བོ་དང་མཉམ་དུ་ལག་སྦྲེལ་བཏང་བ་འདི་འགྲིག་ཡོད་དམ། ཞེས་མི་གཅིག་དང་ཡང་སྒོས་བོད་པ་གཅིག་ཡིན་ན་རང་གིས་རང་ལ་དྲི་བ་འདོན་དགོས། ཉེ་ལམ་གསར་ཤོག་ནང་རྒྱ་མིའི་དཔོན་པོ་ཁག་གཅིག་གིས་ཨ་སྒོར་ས་ཡ་མང་པོ་བེད་སྤྱོད་བཏང་ཡང་དོན་དག་བསྒྲུབས་མ་སོང། ཞེས་བརྗོད་འདུག་པ་མ་ཟད། དོལ་རྒྱལ་རྗེས་འབྲང་པ་ཚོས་ཉེ་ལམ་དྲ་རྒྱའི་ཐོག་ཁོང་ཚོའི་རྒྱབ་ཏུ་སྟོབས་ཆེན་རྒྱལ་ཁབ་ཡོད་ཚུལ་བཤད་ཡོད། སྟོབས་ཆེན་རྒྱལ་ཁབ་ཟེར་བ་དེ་ཨ་རི་ཡིན་ནམ། ཨུ་རུ་སུ་ཡིན་ནམ། ང་ཚོ་ལ་ལག་ཆ་ཆེན་པོ་ཞིག་དང་སེམས་ཤུགས་འཕར་དགོས་པ་གཅིག་ནི། ཕྱི་རྒྱལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོའི་སེམས་ཤུགས་དང་ལྷག་བསམ་ཧ་ལས་དགོས་པ་འདུག
འདི་ནི་ང་ཚོས་རྩ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༢༤ རང་ལུས་མེར་སྲེག་བཏང་ཡོད། གྲངས་ ༡༢༤ ཟེར་བ་འདི་ཅ་ལག་གི་གྲངས་ཁ་ཞིག་མིན་པར་མིའི་སྲོག་ཡིན། ཁོང་ཚོས་རང་ལུས་མེར་སྲེག་བཏང་ནས་འཆི་ཁར་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཞེས་འདོན་བཞིན་དུ་འཆི་འགྲོ་བཞིན་ཡོད། ཁོང་ཚོས་རང་གི་གཅེས་པའི་ལུས་ལ་མེ་སྤར་ཐུབ་ཚེ་མི་གཞན་ལ་གནོད་བསྐྱལ་མ་ཐུབ་པ་གང་ཡང་མེད། འོན་ཀྱང་ཁོང་ཚོ་སུ་གཅིག་གིས་ད་བར་རྒྱ་མི་རིགས་ལ་གནོད་བསྐྱལ་རྒྱུ་དང་། རྒྱ་མིའི་རྒྱུ་དངོས་གང་ལའང་གཏོར་བཅོམ་བཏང་བ་སོགས་ནམ་ཡང་མ་བྱས་པར། རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་བ་ཤ་སྟག་ཆགས་ཡོད། དེར་བརྟེན་ཧ་ལས་པའི་གཟི་བརྗིད་ཆེན་པོ་ཡིན་པ་བསམ་བཞིན་ཡོད། ཁོང་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་ཧ་ལས་པའི་བརྟན་པོ་ཡོད། དེ་བཞིན་བོད་ནང་གི་བོད་མི་གཞོན་སྐྱེས་གཞས་པ་ཡིན་ན་དེ་རིང་གཞས་ཤིག་བཏང་རྗེས་སང་ཉིན་གང་དུ་བསླེབ་མིན་སུས་ཀྱང་ཚོད་དཔག་བྱེད་ཐུབ་ཀྱི་མེད། འོན་ཀྱང་ཁོང་ཚོས་བོད་མི་རིགས་ཀྱི་ཆེད་དུ་གཞས་གཏོང་བཞིན་ཡོད། དེ་བཞིན་རྩོམ་པ་པོ་ཞིག་ཡིན་ན། དེ་རིང་རྩོམ་ཞིག་བྲིས་ནས་སང་ཉིང་གང་དུ་བསླེབ་མིན་ཚོད་དཔག་མ་ཐུབ་ཀྱང་བོད་མི་རིགས་ཆེད་རྩོམ་འབྲི་བཞིན་ཡོད།
དེར་བརྟེན་གཞོན་སྐྱེས་དེ་དག་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་འདི་ང་ཚོའི་བདེན་པའི་འཐབ་རྩོད་ཀྱི་མ་རྩ་དང་ལག་ཆ་གཙོ་བོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཉེ་ལམ་ཁམས་འབྲི་རུའི་ནང་རྒྱ་དམར་གྱི་རྒྱལ་དར་འཛུགས་དགོས་པའི་བཙན་བཀའ་གཏོང་སྐབས་ཁོང་ཚོས་དར་ཆ་ཆུར་གཡུག་ཡོད། སྐབས་དེར་རྒྱ་མིའི་འགོ་དཔོན་དང་བོད་མི་གདོང་ཐུག་བྱུང་རྐྱེན་བོད་མི་བཞི་བཀྲོངས་པ་དང་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད། ལོ་ ༥༣ ལྷག་གི་རིང་རྒྱ་མིའི་དབང་བསྒྱུར་འོག་བསྡད་ཡོད་ཀྱང་ད་དུང་རྒྱ་མིའི་སྲིད་བྱུས་ལ་མོས་མཐུན་དང་ཡིད་ཆེས་མེད་པའི་རྣམ་འགྱུར་ཧ་ཅང་གསལ་པོ་སྟོན་བཞིན་ཡོད། ཁོང་ཚོར་འདི་ནས་བརྒྱུད་བསྐུལ་ནམ་ཡང་བྱས་མེད། ཁོང་ཚོས་སོ་སོ་རང་ཉིད་ཀྱིས་མ་བསྐུལ་དྭངས་བླངས་ཐོག་ནས་བྱས་པ་རེད། ཁོང་ཚོས་དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་ཞིག་མཐོང་ནས་བྱས་པ་རེད་མ་གཏོགས་འདི་ནས་ཁོང་ཚོར་དེ་དང་འདི་བྱོས་ཞེས་བརྒྱུད་སྐུལ་བྱས་པའི་གནས་སྟངས་ཤིག་རྩ་བ་ཉིད་ནས་མེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།།