༢༠༡༣ ཟླ་ ༡༢ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །འདི་ག་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་སེར་སྨད་ནོར་གླིང་ཐོས་བསམ་གླིང་གྲྭ་ཚང་གིས་གསར་དུ་བཞེངས་པའི་སྒྲུབ་ཁང་དབུ་འབྱེད་རབ་གནས་མཛད་པ་དང་སྦྲགས་སྒྲུབ་པ་ཉམས་ལེན་ངེས་པར་དུ་གནང་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་ཏེ་སེར་བྱེས་མཁན་ཟུར་བློ་བཟང་ཐུབ་བསྟན་མཆོག་སྐུ་གཟུགས་ཀྱི་དབང་གིས་བཅར་ཐུབ་མིན་ལ་སོང་ཤག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་མཇལ་ཁ་དང་ད་བར་དཀའ་ལས་བརྒྱབ་སྟེ་ཡག་པོ་གནང་ཡོད་སྟབས། མ་འོངས་པའི་སྐྱེས་གནས་སྐབས་སུའང་མཉམ་འཛོམས་ཡོང་བ་སོགས་ཀྱི་ཐུགས་བརྩེའི་བཀའ་སློབ་སྩལ་རྗེས། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རར་ཆིབས་སྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་དེ་ཉིན་འདིའི་ཆོས་འབྲེལ་མ་སྩལ་གོང་།
དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་དགུ་པའི་རྟེན་འབྲེལ་མཛད་སྒོ་ཉིན་མཐའ་མར་སྐུ་མགྲོན་གྱི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ་སོགས་དང་སེར་སྐྱ་མི་མང་གྲངས་ ༢༧༥༠༠ བརྒལ་བའི་དབུས་སུ་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ལོའི་ནང་གཞུང་ལུགས་འཛིན་པའི་བཀའ་རམས་ཐོན་པ་ཞལ་གྲངས་ ༤༣ ཡོད་པ་རྣམས་དང་རྒྱུགས་སྤྲོད་དོ་དམ་པ་གྲངས་ ༩༠ ཡོད་པ་རྣམས་ལ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་འཁྱེར་གནང་། དེ་ནས་༸གོང་ས་མཆོག་དང་ལྷན་དགེ་འདུན་ཞལ་གྲངས་ ༥༠ ཙམ་རིམ་བཞིན་སྐུ་པར་བསྒྲོན།
དེ་བཞིན་དུ་ཉིན་སྔོན་མ་དེར་ཡང་ཕྱི་ལོ་ ༢༠༡༢ ལོར་མང་དུ་ཐོས་པ་སློབ་དཔོན་བསླབ་པ་མཐར་ཕྱིན་པ་གྲངས་ ༤༣ དང་གཞུང་ལུགས་འཛིན་པ་བཀའ་རམས་སློབ་ཐོན་པ་གྲངས་ ༡༠༠ ལ་བྱང་རྩེ་ཆོས་རྗེ་རིན་པོ་ཆེས་ཕྱག་འཁྱེར་སྩལ་ཡོད་པ་བཅས་ཐེངས་འདིར་ལྷ་རམས་ངག་གི་དབང་ཕྱུག་དང་གཞུང་ལུགས་འཛིན་པ་བཀའ་རམས་པ། མང་དུ་ཐོས་པ་སློབ་དཔོན་བཅས་དགེ་འདུན་ཞལ་གྲངས་ ༧༥༠ བརྒལ་བ་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་ཕྱི་ཚེས་ ༣༡ ཉིན་ཡོངས་སུ་གྲུབ་རྗེས་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་རྒྱུད་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་ཆོས་དབུ་འཛུགས་མ་མཛད་གོང་ནང་ཆོས་ངོ་སྤྲོད་སྐབས་བཀའ་སློབ་ཕེབས་དོན། ང་ཚོ་ཐོག་མར་རྒྱ་གར་ལ་ཡོང་སྐབས་ངོ་ཤེས་པ་གནམ་དང་ས་རེད། ངོས་རང་ནོར་གླིང་ནས་བྲོས་ཡོང་སྐབས་ནོར་གླིང་ནང་གི་སྐུ་ཆས་དེ་དག་འཁྱེར་རྒྱུ་གང་ཡང་མེད།
ལམ་རིམ་ཆེ་མོ་ཞིག་ཡོད་པ་དང་དུག་ལོག་སྟོད་འགག་ཁ་ཤས་དང་སྐུ་གོང་མའི་ཕྱག་ཤོ་དེ་འཁྱེར་ཡོད་པ་ལས་གཞན་གང་ཡང་མེད། དེ་མིན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྐབས་ནས་༸རྒྱལ་དབང་རིམ་བྱོན་ལ་ཡོད་པ་སྐུ་ཐང་ཁ་ཤས་བྱས། དེ་མིན་ལུས་གང་སྦྱར་བྱས་ཏེ་ཡོང་བ་ཡིན། དེ་ནས་ཁྱེད་རང་ཚོ་སེར་འབྲས་དགེ་གསུམ་ནས་བྲོས་ཡོང་མཁན་ཚོས་གྱོན་གོས་ཆ་བསྡུས་ཡ་བསྡུས་གྱོན་ཏེ་སྲོག་འགོ་ཐོན་ཙམ་བྱུང་ན་སྙམ་ཏེ་བྲོས་ཡོང་བ་རེད། སྔོན་མ་ང་ཚོ་སུད་སིར་གཞིས་ཆགས་ཚུགས་ཡོད་སར་ངོས་རང་ཐོག་མ་ཕྱི་ལོ་ ༡༩༧༣ སྐབས་བསླེབས་སྐབས་སུད་སིའི་ཡུལ་མིའི་གད་སྙིགས་གཡུགས་སར་ཕྱིན་ཏེ་འགྱིག་སྣོད་ཡག་པ་དེ་དག་བསྒྲུགས་པ་རེད། དེ་བཞིན་སེར་འབྲས་སོགས་བོད་ནས་ཡོང་སྟེ་མ་སི་མ་རིར་ཐོག་མར་བསླེབས་སྐབས་ལག་སྒམ་ཞིག་ཀྱང་ཡོད་པ་མ་རེད། དེ་ནས་ག་ལེར་སྒམ་ཁོག་ཤོག་སྒམ་གཅིག་དང་དེ་ནས་ཅ་ལག་ཕྲན་བུ་བསགས་ཏེ་ཡོང་བ་རེད།
དེ་རྗེས་སྦག་ས་ཆོས་སྒར་དུ་བོད་ཀྱི་གྲྭ་ས་ཁག་ནས་ཡོང་བའི་སློབ་གཉེར་བ་ཧ་ལམ་སྟོང་ཕྲག་ལྔ་ཙམ་ཡོང་བ་ཡོད། དེའི་ནང་ནས་ ༡༥༠༠ ཞིག་སྔོན་ལ་སློབ་སྦྱོང་བྱེད་ས་ཡོད་པ་ཞིག་མ་བྱུང་ཐབས་མེད་འདུག ཅེས་རྒྱ་གར་གཞུང་ལ་ཞུས་པ་ཡིན། ཐོག་མ་མི་གྲངས་སུམ་བརྒྱར་གནང་རྒྱུ་བྱས་ཀྱང་༡༥༠༠ མ་བྱུང་ན་འགྲིག་གི་མི་འདུག་ཅེས་ཞུས་ས་ཆ་ཁེ་གཙང་སྦག་ས་ཆོས་སྒར་ཚུགས་པ་རེད། ས་ཆ་དེ་ས་ཁུག་ཆགས་པར་བརྟེན་ཞལ་ལག་དེ་དག་ཀྱང་རྙིང་པ་ཆགས་པ་དང་། རླུང་འགྲོ་ཡང་ཡག་པོ་མེད་པར་སོང་ནད་པ་མང་པོ་ཞིག་ཆགས་ཏེ་རེ་བ་རྒྱག་ས་གང་ཙམ་ནས་རྫོགས་འགྲོ་རྒྱུའི་ཉེན་ཁ་འདུག དེར་བརྟེན་གཞིས་ཆགས་ཁག་རིམ་བཞིན་ཚུགས་ཡོད་པས་གཞིས་ཆགས་ཆེ་ཁག་ནང་རིམ་པས་སྤོས་ན་ཞེས་བརྗོད་དེ་སྤོས་པ་རེད། ཐོག་མ་གཞིས་མི་ཚོའང་སྨྱུག་ཁང་ལ་སོགས་སྐྱོ་པོ་མ་གཏོགས་ཡོད་པ་མ་རེད། དེ་ནས་རིམ་བཞིན་གྲྭ་ས་ཁག་སྤོས་ཏེ་ཚུགས་པ་རེད།
དེ་ནས་རིམ་པས་མཐུན་རྐྱེན་བཟང་དུ་ཕྱིན་ཏེ་ག་ལེར་ག་ལེར་ལ་རྒྱས་སྤྲོས་བྱེད་རྒྱུ་ཆགས་པ་རེད། དེ་ལྟ་བུ་རྣམ་གཡེང་དུ་མ་བཏང་བར་ང་ཚོས་ཐོག་མའི་དམིགས་ཡུལ་ལུང་རྟོགས་ཀྱི་བསྟན་པ་དཔལ་ན་ལེནྡྲའི་ཆོས་རྒྱུད་དྲི་མ་མེད་པ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་ཆེད་དུ་དམིགས་ནས་བཙུགས་པ་རེད། དཀའ་ངལ་རིམ་པས་བརྒྱབ་སྟེ་ད་ཆ་ག་ཚོད་མེད་ཟེར་ཡང་མཐུན་རྐྱེན་གང་ལ་གང་ཙམ་ཡོད་པ་ཡིན་སྟབས། འདིར་ཆོས་བྱེད་རྒྱུ་དེ་རེད་ལ་གཞུང་ཆེན་དེ་དག་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་མུས་བཞིན་ཧུར་ཐག་གནང་རོགས་། ཞེས་སོགས་ཀྱི་བཀའ་སློབ་ལམ་སྟོན་ཕེབས་པ་མ་ཟད། གཞན་ཡང་༸གོང་ས་མཆོག་གིས་དེ་རིང་སྔ་དྲོ་ཕྲན་བུ་ཕྱི་པོ་ཆགས་སོང་། དང་པོ་སེར་སྨད་གྲྭ་ཚང་གི་སྒོམ་གྲྭ་གསར་པ་བཞེངས་ཡོད་པ་དེར་ཡོང་རོགས་གསུངས་བ་བཞིན་དེར་བཅར་བ་ཡིན། ཕ་གིར་མཁན་པོ་ལས་ཟུར་ཚོ་རེད། བླ་སྤྲུལ་ཚོ་གང་ཙམ་ཞིག་ཕེབས་འདུག་པར་སྐད་ཆ་བཤད་དེ་བསྡད་པ་རེད།
དེ་ནས་སེར་བྱེས་མཁན་ཟུར་བློ་བཟང་ཐུབ་བསྟན་ནང་ལ་ཕྱིན་པ་ཡིན། ཁོ་རང་ངོས་གཉིས་དངོས་གནས་བློས་ཐུབ་ཀྱི་གྲོགས་པོ་ཡིན། དེ་སྔ་རྒན་ཨོ་རྒྱན་ཚེ་བརྟན་མཐའ་མ་དེ་ངོས་རང་ཁོང་གི་ཤག་ལ་ཕྱིན་ཏེ་མཇལ་བ་རེད། རྒྱ་རོང་མཁན་ཟུར་ངོས་འདིར་མེད་པའི་སྐབས་སུ་ཡིན་སྟབས། མཐའ་མའི་མཇལ་རྒྱུ་བྱུང་མེད་ཀྱང་ཡར་ནས་མར་ལན་བཏང་བ་དེ་འདྲ་ཡིན། རྒན་ཙོག་ཙོག་བྱས་ཏེ་བཞུགས་མ་ཐུབ་པར་སོང་སྐྱོ་པོ་འདྲ་འདུག ང་ཚོ་ཆོས་གྲོགས་རྙིང་པ་སྐྱབས་རྗེ་ཁྲི་འཆང་རིན་པོའི་ཐུན་མོང་མིན་པའི་ཤག་རོགས་རེད། ང་ཚོ་དགེ་ཕྲུག་གཅིག་པ་རེད། དེར་བརྟེན་ངོས་རང་གཅིག་འགྲོ་འདོད་བྱུང་བས་ཕྱིན་པ་ཡིན། ཞེས་བཀའ་སློབ་ཕེབས་རྗེས་སྔོན་གྱི་བཀའ་ཆོས་ལྷག་འཕྲོས་ནས་དབུ་འཛུགས་བསྐྱངས་ཏེ་སྔ་དྲོའི་ཆོས་ཐུན་གཅིག་དང་དེ་བཞིན་ཕྱི་དྲོ་ཆོས་ཐུན་གཅིག་བཅས་ཆོས་ཐུན་གཉིས་བཀའ་དྲིན་ཆེ་བ་སྩལ།
ཆོས་ཐུན་གྲུབ་རྗེས་སེར་བྱེས་མཁས་སྙན་གྲྭ་ཚང་གི་འདུ་ཁང་དུ་གུས་བསུའི་ཕེབས་སྟོན་མཛད་སྒོར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག སེར་བྱེས་མཁན་པོ་སོགས་ནས་སྤོས་སྣེ་ཐོགས་ཏེ་གདན་ཞུས་ཀྱིས་ཐོག་མར་གནས་གཟིགས་མཛད་པ་དང་།
དེ་ནས་ཞབས་སྟེགས་ཐོག་འཁོད་རྗེས་སེར་བྱེས་མཁན་པོས་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་རྟེན་འབྲེལ་གསོལ་ཇ་འབྲལ་སིལ་འདེགས་འབུལ་ཞུས་གྲུབ་མཚམས་བཀའ་སློབ་ཕེབས་དོན། དེ་རིང་ནས་འདིར་ཞག་སྡོད་བྱེད་རྒྱུར་བཅར་བ་ཡིན། ཁྱེད་ཚོས་དགའ་བསུ་གནང་རྒྱུ་དང་འབྲེལ་ཡོད་སྦྱིན་བདག་མང་པོ་ཞིག་གྲྭ་ཚང་དང་འབྲེལ་བ་ཡོད་པ་ཁྱེད་རྣམས་འདིར་ཕེབས་ཡོད་པ་ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། གདན་ས་གསུམ་འདི་ལོ་ངོ་དྲུག་བརྒྱ་ཙམ་རིང་ལ་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་མཁན་གྱི་བསྟི་གནས་ལྟ་བུ་ཆགས་ཡོད། སེར་འབྲས་ཚོའི་ནང་ནས་མཁས་པའི་སྐྱེས་བུ་མང་པོ་ཐོན་ཡོད། སེ་ར་བྱེས་ལ་ཆ་བཞག་ན་དངོས་གནས་མཁས་པའི་འབྱུང་གནས་ལྟ་བུ་རེད། ངོས་ཀྱི་མི་ཐོག་འདིར་ཆ་བཞག་ན་དགའ་ལྡན་ཁྲི་པ་ནས་བཟུང་དགེ་བཤེས་མང་པོ་ཞིག་སེར་བྱེས་གྲྭ་ཚང་ནས་སློབ་གཉེར་གནང་སྟེ་ཐོན་ཡོད། ངོས་སྒེར་ལ་ཆ་བཞག་ན་མཚན་ཞབས་བདུན་ཡོད་པའི་ནང་ནས་སེར་བྱེས་ཀྱི་མཚན་ཞབས་རྒན་དངོས་གྲུབ་ཚོགས་གཉིས་སོག་པོ་རེད། ཞེ་དྲག་དྲིན་ཆེན་པོ་ཡིན། དེ་ལྟར་དངོས་དང་བརྒྱུད་པའི་ཐོག་ནས་འབྲེལ་བ་ཡོད་པ་ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་ཕེབས་ཏེ་གུས་བསུའི་མཛད་སྒོ་ལེགས་གྲུབ་ཀྱི་༸གོང་ས་མཆོག་དེ་ཉིན་ནས་བཟུང་བཀའ་ཆོས་མ་གྲུབ་བར་སེར་བྱེས་གྲྭ་ཚང་གཟིག་ཆུང་དུ་བཞུགས་ཞག་མཛད་རྒྱུ་ཡིན་འདུག་པ་བཅས།