༢༠༡༣ ཟླ་ ༡༢ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་འོག་རྡ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༡ ནས་སྣེ་ཁྲིད་དགེ་རྒན་ ༣༢ དང་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༣༡༠ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཉིན་བཞི་པའི་ཐོག་ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་བོད་དེ་རྒྱ་ནག་གཞུང་གིས་བཙན་བཟུང་དང་ཆབ་སྲིད་ཀྱི་དམ་བསྒྲགས་འོག་ལྷག་ཡོད་པ་མ་ཟད། སྤྱི་ཚོགས་དང་དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ༌མེད་གཏོང་བཞིན་ཡོད་་སྐོར་གསུང་བཤད་གནང་ཡོད། སྲིད་སྐྱོང་མཆོག་གི་གསུང་བཤད་ཀྱི་ལས་རིམ་དེའི་ཐོག་སློབ་མ་གཅིག་གིས་ད་བར་བོད་མི་ ༡༢༤ ཡིས་རང་ལུས་མེར་སྲེག་བཏང་ཡོད་ཀྱང་། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དེ་ཙམ་ཡོང་གི་མེད་པ་ཚོར་བ་བསླེབས་ཀྱི་ཡོད་པའི་སྐོར་བཅའ་དྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་མ་གནང་བ་དེ་འདྲ་རྩ་བ་མིན་པ་ཨ་རི་དང་ཡུ་རོབ་གྲོས་ཚོགས། ཨི་ཊ་ལི། ཕ་རན་སི། ཉི་ཧོང་གྲོས་ཚོགས་དང་གྲོས་ཚོགས་ཀྱི་འཐུས་མི་སོགས་ནས་བོད་དོན་ཐོག་གྲོས་ཆོད་དང་རྒྱབ་སྐྱོར་གྱི་ཕྱག་བྲིས་ཕུལ་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། བོད་མི་རང་ལུས་མེར་སྲེག་དང་འབྲེལ་བའི་ཐོག་རྒྱལ་སྤྱིའི་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་ང་ཚོར་རྒྱབ་སྐྱོར་གནང་གི་ཡོད་སྐོར་གསུང་དོན། དེ་སྔའི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲུའུ་ཝན་ཆོན་ཨི་ཊ་ལི་དང་སུད་སིར་ཚགས་པར་གྱི་བཅའ་འདྲི་དང་ལེན་སྐབས་ངའི་མིང་ཐེངས་བཞི་ཙམ་འབོད་འདུག
བོད་ནང་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་བློ་བཟང་སེང་གེ་རེད། ཁོས་དབུ་མའི་ལམ་བཤད་ཀྱང་རང་བཙན་རྩོད་མཁན་རེད། ཁོ་རྒྱ་ནག་ཁ་བྲལ་གཏོང་མཁན་རེད། ཅེས་ཟེར་བཞིན་ཡོད། ཁོང་ཚོས་འཁྱོག་བཤད་བྱས་ཏེ་ང་ཚོར་སྐྱོན་འཛུགས་བྱེད་བཞིན་ཡོད། ང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་དང་། དེ་བཞིན་གཞུང་ལ་ཐད་ཀར་འབྲེལ་བ་བྱས་ཏེ་འགྲེལ་བཤད་བརྒྱབ་ཡོད། ད་ལྟའི་ཆར་རྒྱལ་ཁ་སུར་ཐོབ་ཡོད་རེད་ཅེ་ན་ང་ཚོ་ཐོབ་ཡོད་པ་ལྟ་བུ་རེད། རང་ལུས་མེར་སྲེག་གཏོང་དགོས་དོན་གཙོ་བོ་ནི་རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བརྟེན་ནས་ཡིན་པ་རྒྱལ་སྤྱིའི་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་ངོས་འཛིན་བྱེད་བཞིན་ཡོད། ད་དུང་ཡང་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་ང་ཚོར་མ་ཉེས་ཁ་གཡོག་བྱེད་བཞིན་ཡོད། འོན་ཀྱང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ང་ཚོའི་འགྲེལ་བརྗོད་བྱས་པ་དེར་ངོས་ལེན་ཞུ་བཞིན་ཡོད། དཔེར་ན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱུང་བ་རེད། དེ་སྔོན་ཡང་རྒྱ་གཞུང་ལ་འདི་ལྟ་བུའི་ཞི་རྒོལ་བྱས་པ་བྱུང་ཡོད། ང་ཚོས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འགྲེལ་བཤད་བརྒྱབ་སྟེ་རྒྱབ་སྐྱོར་རག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ཆ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ང་ཚོས་འགྲེལ་བཤད་བརྒྱབ་པ་དེར་རྒྱབ་སྐྱོར་ཡོད་པ་གསལ་པོ་རེད། ཅེས་གསུངས་ཡོད།