༢༠༡༣ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༦ ནས་ ༢༩ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་ཌུའི་གྲོང་ཁྱེར་ཨོ་རུ་ཝེ་ལིར་ཉིན་གྲངས་བཞི་རིང་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་གནང་ཡོད། སྐབས་དེར་ཁུལ་དེར་གནས་སྡོད་ཡུལ་མི་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་བཅས་ཁྱོན་མི་གྲངས་ ༧༠༠ བརྒལ་བས་དོ་སྣང་ཆེན་པོས་གཟིགས་ཞིབ་གནང་བ་བརྒྱུད་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད། འགྲེམས་སྟོན་ཐོག་པར་རིགས་ཀྱི་ལམ་ནས་བཙན་བྱོལ་ནང་བོད་མི་རྣམས་ཀྱི་འཚོ་བ་དང་བོད་ནང་རང་ལུས་མེར་སྲེག་སྐོར་སོགས་འགྲེམས་སྟོན་གནང་ཡོད།
ཐེངས་འདིའི་འགྲེམས་སྟོན་ཐོག་བརྗོད་གཞི་ཁག་མི་འདྲ་བ་གཉིས་ཀྱི་ཐོག་པར་རིགས་འགྲེམས་སྟོན་ཞུས་ཡོད། དང་པོ་ནི། བཙན་བྱོལ་ནང་གི་འགྲུལ་བཞུད། ཅེས་པའི་བརྗོད་གཞིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མི་མི་རབས་རྒན་པ་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་། བོད་མིའི་སྤྱི་ཚོགས་སྲ་བརྟན། བཙན་བྱོལ་ནང་མང་གཙོའི་ལམ་ལུགས་དབུ་འཛུགས་གནང་བའི་སྐོར་གྱི་པར་རིགས་དང་ཡིག་ཐོག་འགྲེལ་བརྗོད་སོགས་འགྲེམས་སྟོན་གནང་ཡོད་པ་མ་ཟད། འགྲེམས་སྟོན་འདི་བརྒྱུད་རྒྱ་གར་གཞུང་མང་གཉིས་ལ་བོད་མིར་མཐུན་འགྱུར་རོགས་སྐྱོར་དང་མུ་མཐུད་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་ཡང་འགྲེམས་སྟོན་འདིའི་དམིགས་ཡུལ་ཡིན།
ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་ ༡༢༤ ཡིས་རང་ལུས་མེར་སྲེག་བཏང་བ་རྣམས་ཀྱི་མཚན་དང་འདྲ་པར། ཁོང་རྣམ་པའི་འབོད་སྒྲ་དང་རེ་འདུན། མེར་སྲེག་གཏོང་དགོས་པའི་རྒྱབ་ལྗོངས་ཀྱི་གནས་བབ་བཅས་ཡིན། ཐེངས་འདིའི་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་བོད་ནང་གི་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་སོགས་མཁྱེན་རྟོགས་སླད་ཡིན། ད་ཐེངས་ཀྱི་འགྲེམས་སྟོན་ཐོག་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། དེ་བཞིན་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་བརྙན་འཕྲིན་གྱི་ལམ་ནས་མང་ཚོགས་ལ་བསྟན་ཡོད།