༢༠༡༣ ཟླ་ ༡༢ ཚེས་ ༢༨ རེས་གཟའ་སྤེན་པ།
༄༅། །འདི་ག་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དགེ་བཤེས་ཐུབ་བསྟན་རབ་རྒྱས་ལགས་དང་། དགའ་ལྡན་ཤར་རྩེ་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་སེར་བྱེས་གྲྭ་ཚང་གི་ཆོས་རྭ་ཆེན་མོའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་དེ་ཉིན་འདིའི་ཆོས་འབྲེལ་མ་སྩལ་གོང་། དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་དགུ་པའི་རྟེན་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ་སོགས་དང་སེར་སྐྱ་མི་མང་གྲངས་ ༣༠༠༠༠ བརྒལ་བའི་དབུས་སུ་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ བཅས་འཛིན་རིམ་ཁག་གཉིས་ཀྱི་སློབ་གཉེར་བ་རྣམས་ཀྱིས་ལོ་ངོ་ ༢༣ རིང་སློབ་གཉེར་གནང་སྟེ་བསླབ་པ་མཐར་ཕྱིན་པའི་དགེ་བཤེས་ལྷ་རམས་པ་མི་གྲངས་བརྒྱ་བརྒལ་བ་དང་། དེ་བཞིན་ཕྱི་ལོ་ ༢༠༠༧ ནས་ ༢༠༡༡ བར་གྱི་སློབ་དཔོན་དགེ་བཤེས་ཁག་གཅིག་ཡོད་པ་ཁོངས་རྣམ་ལ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་འཁྱེར་གནང་བ་དང་། ༸གོང་ས་མཆོག་དང་ལྷན་མི་གྲངས་ ༥༠ ཙམ་ནས་རིམ་བཞིན་སྐུ་པར་བསྒྲོན་ཏེ་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་གྲུབ།
དེ་རྗེས་བླ་མ་ཆོས་འཕེལ་བཟོད་པ་མཆོག་དང་ཤར་རྩེ་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དགེ་ལྡན་བསྟན་བདག་ལྷན་ཚོགས་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་བཅས་ནས་གསར་དུ་རྩོམ་སྒྲིག་གནང་བའི་ཕྱག་དེབ་ << ལེགས་ཉེས་བདེན་རྫུན་རྣམ་འབྱེད་ལུང་རིགས་གསེར་གྱི་ལྡེ་མིག་ >> ཅེས་པ་རྩོམ་སྒྲིག་ཞུ་དགོས་པའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཚོགས་ཡོངས་ལ་དེབ་དེ་རྩོམ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་དང་དགོས་པ། ལེགས་པ་དར་སྤེལ་དང་ཉེས་པ་བཀག་འགོག་བྱེད་རྒྱུ། སྤྱིར་ཡིག་ཆ་འདི་འདྲ་ཞིག་རྩོམ་དགོས་པའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་གང་ནས་ཀྱང་གནོན་ཤུགས་སྤྲད་པ་སོགས་གང་ཡང་མེད། ཡིག་ཆ་འདི་ནི་རང་དོན་རང་གཅེས་ཀྱི་རི་བོ་དགེ་ལྡན་པའི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགེ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་དགེ་ལྡན་པའི་དབུ་ཁྲིད་རྣམ་པས་ཐག་གཅོད་གནང་སྟེ་དགེ་ལྡན་པ་སྤྱིའི་ཐོག་ནས་བརྩམས་པ་ཞིག་ཡིན།
ཡིག་ཆ་འདི་རྩོམ་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་དོལ་རྒྱལ་སྐོར་ཞིབ་འཇུག་མཐར་ཕྱིན་པ་མཛད་དེ་ཐུགས་བརྩེ་བ་ཆེན་པོས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་ཡོངས་གྲགས་སུ་ཕྱི་ལོ་ ༡༩༧༩ ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་ནས་བཟུང་ད་བར་དོལ་རྒྱལ་སྐོར་མིག་ཁ་ཕྱེ་བ་ལྟ་བུའི་བཀའ་སློབ་ལམ་སྟོན་རྒྱ་གང་ཆེ་ཡང་ཡང་སྩལ་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཚབ་ཏུ། རེ་ཟུང་གིས་མགོན་པོ་གང་ཉིད་མཆོག་གིས་ཆོས་དད་རང་དབང་འཕྲོག་གི་འདུག་ཅེས་སྒྲོ་འདོགས་སྐུར་འདེབས་ཀྱི་འཆལ་གཏམ་འཆར་ཅན་འུར་སྒྲོག་བྱེད་བཞིན་འདུག་པ་འདིས་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དེ་ཚོས་ཆོས་ཡང་དག་ཅིག་ཡིན་མིན་གསལ་པོ་མ་བྱེད་ཐབས་མེད་གྱུར་བར་བརྟེན་ནས་ཡིག་ཆ་འདི་བརྩམས་དགོས་གྱུར་ཡོད། གཉིས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་ཕན་རླབས་ཆེན་མཛད་འཕྲིན་གྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་འདི་འཛམ་གླིང་ཡོངས་ལ་དར་ཁྱབ་རྒྱ་ཆེ་འགྲོ་བཞིན་པའི་སྐབས་འདིར་དོལ་རྒྱལ་རྗེས་འབྲང་པ་ཚོས་དོལ་རྒྱལ་འདི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་སྲུང་ཡིན་ཟེར་བ་སོགས་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་གསལ་པོ་བཟོ་རྒྱུའི་སླད་དུ་གསར་དུ་རྩོམ་སྒྲིག་བྱེད་དགོས་བྱུང་སྐོར་སྙན་སྒྲོན་ཞུས།
དེ་རྗེས་༸གོང་ས་མཆོག་གིས་དཔེ་དེབ་དབུ་འབྱེད་དང་སྦྲེལ་དོལ་རྒྱལ་སྐོར་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་དོན། དེ་རིང་འདིར་དོལ་རྒྱལ་སྐོར་ལ་ཁྱེད་ཚོས་ཡིག་ཆ་ཞིག་ཕྱོགས་སྒྲིག་ཞུས་འདུག ཁ་སང་ལྡི་ལིར་ཆོས་འཕེལ་བཟོད་པས་དེབ་འདི་པར་ཕུད་གཅིག་གནང་བྱུང་ཡང་ཀློག་རྒྱུ་མ་བྱུང་། འོན་ཀྱང་དཀར་ཆག་དེར་རོབ་ཙམ་བལྟས་པ་ཡིན། དངོས་ཡོད་གནས་ཚུལ་རྣམས་ཡིག་ཐོག་ལ་ཕྱོགས་བསྡོམས་བརྒྱབ་པ་ཧ་ཅང་ཡག་པོ་བྱུང་འདུག བར་སྐབས་དོལ་རྒྱལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཞེས་ཟེར་ཏེ་མང་པོ་ཞིག་གིས་བསྟན་པའི་སྲུང་མར་ངོས་འཛིན་བྱེད་མཁན་བྱུང་བའི་ཁོངས་སུ་ངོས་ཀྱང་ཡོད་པ་རེད། གྲོ་མོ་དུང་དཀར་དགོན་པར་སླེབས་སྐབས་སྐུ་ཕེབས་གཅིག་ཡོད་པ་རེད། སྐབས་དེར་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་དང་འབྲེལ་བའི་གནས་ཆུང་དང་དགའ་སྟོང་གི་སྐུ་རྟེན་མཉམ་དུ་མེད་པར་བརྟེན་དོལ་རྒྱལ་དང་འབྲེལ་བ་ཞིག་བྱུང་བ་རེད། ངོས་ལ་ཆ་བཞག་ན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས་དངོས་གནས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་བསམ་གྱིས་མ་ཁྱབ་པ་ཡིན། དེ་ལྟ་བུའི་ཤུགས་རྐྱེན་བསླེབས་ཏེ་ངོས་ནས་ཀྱང་དོལ་རྒྱལ་བསྟན་པ་ཡིན།
དེ་རྗེས་རྒྱ་གར་ལ་བསླེབས་ཏེ་རིམ་པས་ཕྱོགས་གཅིག་ནས་འབྲས་སྤུངས་ཀྱི་རྒན་པདྨ་རྒྱལ་མཚན་དང་། དེ་སྔའི་རྒན་སྟོང་དཔོན་གྱིས་གསུང་སྒྲོས་དང་། མཁན་ཆེན་རྡོ་རྗེ་འཆང་གླིང་རིན་པོ་ཆེ་ཕྲན་བུ་བག་ཡོད་གནང་མཁན་ཞིག་བྱུང་བ་རེད། དེ་རྗེས་ངོས་ནས་ཀྱང་ཞིབ་འཇུག་བྱེད་དགོས་པ་ཞིག་ཆགས་ཏེ་དེ་ལྟར་བྱས་པ་ཡིན། དྲེགས་པ་ཞེས་ཟེར་བ་དེར་མཐའ་དམན་པའི་བློ་རང་ག་བ་ཞིག་གིས་ཚོད་དཔག་བྱེད་ཐུབ་རྒྱུ་ཞིག་མེད། སྤྱིར་གང་ཟག་གི་གང་ཟག་ཚོད་ཟིན་རྒྱུ་ཁག་པོ་རེད་ལ་ལྷག་པར་གཟུགས་མེད་དེ་དག་ལ་ཚོད་དཔག་བྱེད་ཐུབ་རྒྱུ་ཁག་པོ་རེད། དེར་བརྟེན་བརྟག་དཔྱད་རིམ་པས་བྱས་ཡོད་པ་དེ་དག་ངོས་ཀྱིས་དེ་སྔ་བཤད་ཡོད་པ་རྣམས་ལ་འཁོད་ཡོད། ཅེས་དང་དེ་རྗེས་མུ་མཐུད་༸གོང་ས་མཆོག་གིས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་ཇི་ལྟར་མཛད་པ་དྲེགས་པ་དྲེགས་པའི་གནས་སུ་འཇོག་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་གཟབ་རྒྱས་ཕེབས་ཟིན་རྗེས། འབྲས་སྤུངས་བླ་སྤྱི་དང་བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་སྐུ་ཚབ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། ༸གོང་ས་མཆོག་གིས་བྱང་ཆུབ་ལམ་རིམ་ཁྲིད་ཆེན་ཁག་གི་བཀའ་ཆོས་དབུ་འཛུགས་མཛད་དེ་སྔ་དྲོ་ཆོས་ཐུན་གཅིག་དང་ཕྱི་དྲོ་ཆོས་ཐུན་གཅིག་བཅས་ཆོས་ཐུན་གཉིས་བཀའ་དྲིན་ཆེ་བ་སྩལ།།