༢༠༡༠ ཟླ ༨ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་འབྲུག་ཆོས་འཁོར་སྡེ་ཕོ་བྲང་དུ་ཆོས་ཞུར་བཅར་བའི་ཡུལ་དེའི་མི་མང་གཙོ་བོར་གྱུར་བའི་ཕྱི་གླིང་བ། རུ་སུ་དང་། ཨི་ཊ་ལི། ཝི་ཏི་ནམ། ཀོ་རི་ཡ། རྒྱ་རིགས་བཅས་ཁྱོན་བསྡོམས་མི་གྲངས་ ༤༠༠༠ བརྒལ་བར་ཐོག་མ་ཉིན་སྔོན་མའི་ལྷག་འཕྲོ་སྔོན་འགྲོའི་གསུང་ཆོས་བྱང་ཆུབ་ལམ་སྒྲོན་གཙོ་བོར་གྱུར་བའི་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་བཀའ་དྲིན་ཆེ་བ་སྩལ་བ་དང་སྦྲགས་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་ཟབ་མོ་སྩལ། དེ་ཡང་སྔོན་འགྲོའི་གསུང་ཆོས་མ་སྩལ་གོང་དེར་ཡུལ་དེ་ནས་གསར་དུ་བསྐྲུན་པའི་བྷོ་ཊི་ཞེས་པའི་ཚགས་ཤོག་དང་དེབ་དབུ་འབྱེད་བསྐྱངས་ཏེ་བཀའ་སློབ་ཕེབས་དོན།
བོད་ཡིག་གི་ཚགས་ཤོག་ཐོན་པར་བཀྲ་ཤིས་བདེ་ལེགས་ཡོད། མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་ཆབས་ཅིག་བོད་ཡིག་ལ་དོ་སྣང་བསླེབ་རྒྱུ་ཞིག་དང་བོད་ཡིག་ཀློག་རྒྱུར་ཡང་སབྱོང་བརྡར་ཐོབ་རྒྱུ་ཞིག དེ་མིན་དཔེ་ཆ་ཀློག་བརྗོད་ན་ཁ་ཤས་ཉོབ་མདོག་ཁ་པོ་རེད། བོད་ཡིག་ཐོག་བཏོན་པའི་གསར་འགྱུར་ཚགས་ཤོག་ཀློག་རྒྱུར་དོན་གཉེར་ཆེ་བ་ཡོང་སྲིད། དེ་བཞིན་གནས་ཚུལ་མང་པོ་ཞིག་ཤེས་ཐུབ་ཀྱི་རེད། ཚགས་པར་ནང་གནས་ཚུལ་ཕྱོགས་སུ་མ་ལྷུང་བར་དྲང་པོ་འགོད་དགོས་རྒྱུ་དེ་གལ་ཆེན་པོ་ཡིན། ཕྱོགས་གཅིག་གི་འདོད་ཚུལ་ལྟ་བུ་མིན་པར་ཕྱོགས་ཡོངས་ཀྱི་གནས་ཚུལ་བལྟས་ཏེ་འགོད་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན་ཁར་ཐུག་གི་གསར་འགྱུར་ཙམ་མིན་པར་ཤེས་ཡོན་སློབ་གསོ་ཕྲན་བུ་ཡོད་པ་ཞིག་བྱུང་ན་ཡག་པོ་ཡོང་གི་རེད། དེ་བཞིན་སྤྱི་ཚོགས་ནང་ཆོས་པ་དང་བླ་མའི་མིང་འཁྱེར་བ། དེ་བཞིན་ཆབ་སྲིད་ཀྱི་འགོ་ཁྲིད། ཡང་སྤྱི་ཚོགས་ནང་གི་ཚོང་པ་སོགས་ཀྱི་མ་འགྲིག་པ་ཡོད་ཚེ་གསར་འགྱུར་ནང་དྲང་པོའི་ཐོག་དངོས་ཡོད་ཀྱི་གནས་ཚུལ་འགྲེལ་བརྗོད་བྱེད་རྒྱུ་གལ་ཆེན་པོ་ཡིན། ངོས་ཀྱིས་གསར་འགོད་པ་ཚོར་གསར་འགོད་པ་ཞེས་པ་དེ་སྣ་ཁུག་རིང་པོ་ཞིག་དགོས་ཀྱི་ཡོད། ཤོད་སྲོལ་ཡོད་པ་ལྟར་གང་སར་དྲི་མ་སྣོམ་རྒྱུའི་སྣ་ཁུག་རིང་པོ་ཞིག་དགོས་པ་རེད། སྣ་ཁུག་རིང་པོ་དེས་མདུན་ལ་དྲི་མ་སྣོམ་རྒྱུ་ལའང་གང་དང་གང་འདུག་དྲི་མ་སྣོམ་སྟེ་མང་ཚོགས་ལ་གསལ་པོ་ཤེས་ཐུབ་པ་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་རྟག་པར་བརྗོད་ཀྱི་ཡོད། མང་ཚོགས་ཀྱིས་ལེགས་ཉེས་དབྱེ་བར་སྔོན་ལ་དངོས་ཡོད་ཀྱི་གནས་ཚུལ་ག་རེ་ག་རེ་ཡོད་པ་དེ་དག་ཤེས་དགོས་ཀྱི་ཡོད། ལྷག་པར་རྒྱ་མི་ཐུག་སྐབས་ངོས་ནས་རྟག་ཏུ་བརྗོད་ཀྱི་ཡོད། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་དེ་དག་ནས་དངོས་ཡོད་ཀྱི་གནས་ཚུལ་ཤེས་པ་བྱ་རྒྱུའི་ཐོབ་ཐང་ཡོད། དེ་ལྟར་དངོས་ཡོད་ཀྱི་གནས་ཚུལ་ཤེས་སོང་ན་བཟང་ངན་དབྱེ་རྒྱུའི་རྣམ་དཔྱོད་ཡོད་པ་རེད། དེར་བརྟེན་གསར་འགྱུར་བཀག་སྡོམ་བྱེད་རྒྱུ་དང་གསར་འགྱུར་ནང་ཕྱོགས་གཅིག་གི་གནས་ཚུལ་སྒྲོ་བཏགས་བྱས་ཏེ་ཤོད་རྒྱུ་དེ་ཡག་པོ་མ་རེད་ཅེས་རྟག་ཏུ་ཤོད་ཀྱི་ཡོད། ང་ཚོ་བྷོ་ཊིཡ་བེད་སྤྱོད་བྱེད་ས་ལའང་དེ་དེ་བཞིན་དུ་གསར་འགྱུར་ཞེས་པ་དེ་གལ་ཆེན་པོ་ཡིན། དངོས་ཡོད་ཀྱི་གནས་ཚུལ་བཀོད་དེ་མི་མང་གི་ཤེས་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན། བཀྲ་ཤིས་བདེ་ལེགས་ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད། དེ་རྗེས་གར་ཞྭ་ཁུལ་དུ་སྐྱེས་ནས་བོད་ནང་དེ་སྔ་གསོ་རིག་སློབ་སབྱོང་གནང་མྱོང་བ་ལྕགས་རི་སྨན་པ་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་དེབ་ཅིག་ཀྱང་དབུ་འབྱེད་མཛད་དེ་སྔོན་ཡུལ་འདི་དག་ནས་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཁས་པ་བསམ་གྱིས་མི་ཁྱབ་པ་བྱུང་བ་རེད་མ་འོངས་པར་ཡང་ཁྱེད་ཚོ་ན་གཞོན་ནང་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་ཐུབ་མཁན་དེ་འདྲ་ཐོན་ཐུབ་དགོས། ངོས་ནས་ཀྱང་སྨོན་ལམ་བརྒྱབ་ཆོག ཅེས་བཀའ་སློབ་ཕེབས་ཡོད། དེ་རྗེས་༸གོང་ས་མཆོག་གིས་སྔོན་འགྲོའི་གསུང་ཆོས་སྐབས་བཀའ་སློབ་ཕེབས་དོན། ངོས་ནས་ནམ་རྒྱུན་དུ་ང་ཚོ་སངས་རྒྱས་པའི་ཆོས་བྱེད་མཁན་འདི་དག་གིས་དུས་རབས་ཉེར་གཅིག་པའི་སངས་རྒྱས་པའི་ཆོས་པ་ཞིག་བྱེད་དགོས། དེ་གང་རེད་དམ་ཟེར་ན་དེང་དུས་ཀྱི་གནས་ཚུལ་དངོས་པོ་ཡར་རྒྱས་ཀྱི་རྣམ་གཞག་དང་ཕན་ཐོགས་དེ་དག་གི་ཆ་ཚང་མ་ཤེས་པ་བྱས། འོན་ཀྱང་དེ་ལ་ཚད་ཡོད་པ་ཞིག་དང་འཛམ་གླིང་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་དུས་གསལ་པོ་འདུག དཔེར་ན། ཉི་ཧོང་དང་ཇར་མ་ནི་ལྟ་བུར་ཆ་བཞག་ན་དམག་ཆེན་གཉིས་པའི་སྐབས་དམག་དཔུང་གིས་གཏོར་བཤིག་བཏང་ནས་ཧ་ལམ་དལ་བའི་ནང་ནས་འཛུགས་སྐྲུན་བྱས་པ་ལྟ་བུ་རེད། འོན་ཀྱང་འཛུགས་སྐྲུན་བྱས་ཏེ་ཡར་རྒྱས་ཧ་ལས་དགོས་པ་ཕྱིན་ཡོད། འོན་ཀྱང་དངོས་པོ་ཡར་རྒྱས་མཐའ་མེད་དུ་འཕེལ་རྒྱུ་མེད་པར་ཚད་ཅན་ཞིག་རེད་འདུག གཉིས་ནས་དངོས་པོ་ཡར་རྒྱས་ཇི་ཙམ་ཆེན་པོ་ཡོད་ཀྱང་དེས་སེམས་ནང་བདེ་སྐྱིད་བཟོ་ཐུབ་ཀྱི་མེད། གནས་ཚུལ་དེ་དག་ཤེས་པའི་ཐོག་ནས་ཚུར་ཕྱོགས་འདིར་སེམས་འདུལ་རྒྱུའི་ཆོས་ལུགས་འདྲ་མིན་ཡོད་པའི་སྟེང་བརྟེན་ཅིང་འབྲེལ་བ་བྱུང་བ་ཞེས་པ་དེའི་ཐོག་ནས་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱེད་རྒྱུ་ཞིག་དང་ སྡུག་བསྔལ་གྱི་གཙོ་བོ་མི་ཤེས་པའི་བྱས་པ་རེད། ཅེས་པའི་ཚིག་གཉིས་པོ་འདིར་དཔྱད་པ་བྱེད་མཁན་ཞིག་ཡིན་ན་ཡིད་འཕྲོག་དགོས་པ་ཞིག་ཡིན། ཞེས་དང་ཡང་༸གོང་ས་མཆོག་གིས། འདི་གར་སློབ་གྲྭ་བཙུགས་ཏེ་ཡག་པོ་ཞེ་དྲག་བྱུང་འདུག སྤྱི་ཏི་རྟ་པོ་དགོན་པར་སློབ་གྲྭ་ཚུགས་ཏེ་ཡག་པོ་ཡོད་པར་ལོ་གཅིག་ངོས་ནས་སློབ་གྲྭའི་ནང་རིགས་ལམ་སློབ་ཁྲིད་བྱས་ན་ཡག་པོ་འདུག ཅེས་དེ་སྔ་འབོད་སྐུལ་བྱས་པར་དགེ་བཤེས་ལགས་ཀྱིས་ལག་ལེན་བསྟར་ཏེ་འགོ་བཙུགས་འདུག སློབ་གྲྭ་འདིར་ཡང་ག་ལེར་རིགས་ལམ་བསླབ་རྒྱུ་ཞིག་བྱུང་ན་ཡག་པོ་མེད་དམ་དྲན་ཀྱི་འདུག སྔ་མོ་དྲུག་ཅུ་བདུན་ཅུའི་སྐབས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་རིགས་ལམ་སློབ་ཁྲིད་བྱེད་ཀྱི་ཡོད་པ་བར་སྐབས་ཉམས་འདུག ད་ཆ་གཞིས་ནས་བསྐྱར་གསོ་བྱས་ཏེ་སློབ་གྲྭའི་ནང་སྐྱ་སེར་ཕོ་མོ་དབྱེར་མེད་ཐོག་རིགས་ལམ་སློབ་ཁྱིད་བྱེད་ཀྱི་ཡོད། དེ་རིང་ཁ་སང་རྡ་རམ་ས་ལར་སྐྱ་བོ་ཕོ་མོ་དེ་འདྲས་སྔོན་ལ་ནང་ཆོས་ངོ་སྤྲོད་བྱས། དེ་ནས་རིགས་ལམ་སློབ་ཁྲིད་བྱེད་ཀྱི་ཡོད་པས་འདི་གར་ཁྱེད་རང་ཚོས་སློབ་གྲྭ་འདིར་ག་ལེར་ལ་རིགས་ལམ་སློབ་ཁྲིད་ཐུབ་ན་ཡག་པོ་མེད་དམ་དྲན་བྱུང་། ཡང་ཁ་ཤས་ཀྱིས་འདི་ལྟར་དྲན་སྲིད། ང་ཚོ་བོད་ཀྱི་ཆོས་བརྒྱུད་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་ཁག་གི་ནང་རིགས་ལམ་བསླབ་རྒྱུ་དང་པོ་ས་སྐྱ་རེད་ཤུགས་ཆེན་པོ་ཡོད། ཕྱིས་སུ་དགེ་ལུགས་པ་ཤུགས་ཆེ་ཤོས་ཆགས་ཡོད་པར་བརྟེན་རྟགས་གསལ་གཏོང་རྒྱུ་འདི་དགེ་ལུགས་པ་རེད་དྲན་ན་ནོར་འཁྲུལ་རེད། རྟགས་གསལ་དང་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད། དེ་ནས་མར་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དང་། བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དངོས་སུ་བཙུགས་གནང་མཁན་དེ་མཁན་ཆེན་ཞི་བ་འཚོ་རེད། ཁོང་ལ་ཆ་བཞག་ན་རྟགས་གསལ་གྱི་མཁས་པའི་ཁྱུ་མཆོག་ཆགས་ཡོད། ང་ཚོ་དཔལ་ནཱ་ལེའི་ཆོས་བརྒྱུད་འཛིན་མཁན་ཡིན་ཟེར་མཁན་ཚོས་རྟགས་གསལ་དེ་ཡིན་གཅིག་སབྱང་དགོས་པ་དང་ཤེས་དགོས་པ་རེད། རིགས་ལམ་འདི་ནང་པའི་ཆོས་དང་འབྲེལ་སློབ་ཁྲིད་མི་དགོས་པར་སློབ་གྲྭའི་ནང་སློབ་ཚན་ག་རེ་ཡོད་པ་དེའི་ཐོག་རིགས་ལམ་སབྱར་ནས་བསླབ་རྒྱུའི་སློབ་དེབ་ཅིག་ང་ཚོས་ཟོ་བཞིན་ཡོད། རིང་མིན་ཁྱེད་རང་ཚོའི་སློབ་གྲྭ་ཁག་གི་ནང་སློ་ཁྲིད་ཐུབ་ཀྱི་རེད། ཅེས་དང་ཡང་བཀའ་སློབ་ཕེབས་པའི་ནང་། འདིར་བཀའ་འགྱུར་འདུག་ངོས་ནས་བསྟན་འགྱུར་ཞིག་འབུལ་གྱི་ཡིན། བཀའ་འགྱུར་བསྟན་འགྱུར་ཆ་ཚང་ཡོང་གི་རེད། ཁྱེད་ཚོས་ཆོས་ཀྱི་བགྲོ་གླེང་ཟབ་ཏུ་སོང་སྐབས་རིམ་པས་བསྟན་འགྱུར་གྱི་དཔེ་ཆ་འདི་རྣམས་ལྟ་དགོས། འདིའི་ནང་དབུ་མའི་འགྲེལ་པ་སོགས་མང་པོ་ཡོད་པ་དེ་དག་ཀློག་རྒྱུ་བྱུང་ན་འདི་བཀའ་བརྒྱུད་པ་དང་། དགེ་ལུགས་པ། ས་སྐྱ་སོགས་ཀྱི་རེད་ཟེར་རྒྱུ་མེད་པར་སྤྱི་མཐུན་རེད། དེ་མིན་ཞྭ་དམར་པོ་ཞིག་གྱོན་ནས་བཀའ་བརྒྱུད་པ་ཡིན་ཟེར་བ་དང་། ཞྭ་མོ་སེར་པོ་གྱོན་ནས་དགེ་ལུགས་པ་ཡིན་ཟེར་བ། ཞྭ་མོ་དམར་པོ་བཟོ་དབྱིབས་འདྲ་མིན་བཟོས་ཏེ་འདི་འབྲི་གུང་བཀའ་བརྒྱུད་རེད། འདི་འབྲུག་པ་བཀའ་བརྒྱུད་རེད། བོན་པོ་ཚོས་ཞྭ་དཀར་གྱོན་གྱི་འདུག མ་འོངས་པར་ཞྭ་མོ་ལྗང་གུ་གྱོན་མཁན་ཞིག་བཟོ་དགོན་མིན་འགྲོ། འདི་ཏཱ་ལའི་བླ་མའི་ཆོས་ཚོགས་རེད་ཅེས་དང་། ༸གོང་ས་ལྔ་པ་ཆེན་པོ་ཞྭ་མོ་སེར་པོ་གྱོན་ནས་དགེ་ལུགས་པའི་བསྟན་པ་འཛིན་ཐུབ་རྒྱུ་ཡོད་པ་མ་རེད། ཞྭ་མོ་སེར་པོ་གྱོན་རྒྱུ་ལས་སླ་པོ་རེད། འོན་ཀྱང་བྱམས་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱིས་ལེགས་པར་བཤད་པ་གཏན་ལ་ཕབ་པའི་གཞུང་དེ་དག་གི་དོན་སློབ་གཉེར་བྱས་ཏེ་ཁོང་དུ་ཆུད་པ་ཞིག་དང་། སྒྲུབ་པ་ཉམས་ལེན་བྱེད་མཁན་ཉུང་ཉུང་རེད་འདུག ཅེས་འདི་གསུངས་ཡོད། དེ་བཞིན་བཀའ་བརྒྱུད་པས་ཞྭ་མོ་དམར་པོ་གྱོན་ཏེ་ངོ་མ་མར་མི་དྭགས་གསུམ་གྱི་རྟོགས་པ་སྒྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པ་དེ་དག་དེ་ཙམ་མེད་པར་སྡོད་རྒྱུའི་ཉེན་ཁ་འདུག ཆོས་ལུགས་གཞན་ཚོ་ཡང་དེ་དེ་བཞིན་རེད། གང་ལྟར་སློབ་གནང་སྟེ་སྒྲོ་རྟོགས་ཆོད་པ་དང་ངེས་པ་རྙེད་པ་བྱེད་དགོས། ས་གནས་འདི་ཕྱོགས་དང་མོན་ཁུལ་ནས་གདན་ས་ཁག་གི་ནང་སློབ་གཉེར་བྱེད་མཁན་སྟོང་ཕྲག་མང་པོ་སླེབས་ཡོད། དེ་དག་གིས་བཙན་བྱོལ་ནང་གི་བཤད་གྲྭ་ཁག་འཆད་ཉན་རྒྱུན་འཛིན་བྱེད་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སོང་བ་མ་ཟད། ཡུལ་པ་ཚོར་ཡང་ཞེ་དྲག་ཕན་ཡོད། འདི་གར་མཁན་རིན་པོ་ཆེ་དང་རིན་པོ་ཆེར་ཆ་བཞག་ན་ཡུལ་འདི་ནས་ཡོང་བ་ཞིག་རེད། ཡུལ་འདི་ནས་གྲྭསར་གྲྭ་རྒྱུན་ ༢༠ ཙམ་ཡོད་པར་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་བཞིན་ཁྱེད་རྣམས་གྲྭ་ས་དང་རིས་མེད་ཀྱི་བཤད་གྲྭ་ཁག་ནང་སློབ་སབྱོང་ལ་འགྲོ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཁྱེད་རང་ཚོ་དགེ་ལུགས་ཀྱི་གྲྭ་སར་ཕྱིན་ནས་དགེ་ལུགས་པར་འགྱུར་གྱི་རེད་ཅེས་སེམས་ཁྲལ་བྱེད་མི་དགོས། ཞྭ་མོ་སེར་པོ་ཚར་གཅིག་གྱོན་ནས་ཞྭ་མོ་སེར་པོ་མགོ་བོར་སབྱར་གྱི་མ་རེད། ཞྭ་མོ་དམར་པོ་དང་སེར་པོ་སོགས་གྱོན་ཆོག་གི་རེད། ཅེས་ས་དགེ་བཀའ་རྙིང་ཚང་མ་གཅིག་མཚུངས་ཡིན་པ་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་མ་ཟད། བར་སྐབས་ཐབས་སྐྱོ་བ་ཞིག་ལ་རྒྱལ་པོ་ཤུགས་ལྡན་ཟེར་བ་དེ་དར་བཟོ་ལྟ་བུ་ཞིག་ཆགས། དགེ་ལུགས་ནང་ཉུང་ཤས་ཉུང་ཤས་ཤིག་གིས་དེ་བསྟེན་ནས་དགེ་ལུགས་པ་ཞིག་གིས་རྙིང་མའི་དཔེ་ཆར་ལག་པ་འཆང་ཡང་གནོད་ཀྱི་རེད་ཅེས་སྐད་ཆ་བཤད་དེ་གྲུབ་ལྟའི་ཕྱོགས་ལྷུང་ཞེ་དྲག་བཟོས་ཡོད། ཉེ་བའི་ཆར་ངོས་ལ་ཁམས་ཁུལ་གྱི་དགེ་ལུགས་པའི་དགེ་བསྐོས་ཟུར་པ་ཞིག་ངོས་དང་ཐུག་བྱུང་། དེ་སྔ་ཤུགས་ལྡན་བསྟེན་གྱི་ཡོད། དེ་བསྟེན་པའི་སྐབས་ས་ཁུལ་དེར་རྙིང་མ་དང་ས་སྐྱའི་དགོན་པ་ཁག ༡༧ ཙམ་ཡོད་ཕན་ཚུལ་འབྲེལ་བ་ཧ་ཅང་སྐྱོ་པོ་ཡིན་པ་མ་ཟད་འཁྲུག་པའང་རྒྱག་གི་ཡོད། དགོན་པ་ཕན་ཚུན་མ་མཐུན་པ་ཡོད་ཙང་སབྱིན་བདག་ཚོ་ཡང་རྙིང་མ་དང་དགེ་ལུགས་པ་ཞེས་མ་མཐུན་པ་ཆགས་ཡོད། ༡༩༩༠ སྐབས་དོལ་རྒྱལ་བསྟེན་རྒྱུ་དེ་མཚམས་འཇོག་གཙང་མ་བཟོས་པ་ཡིན། དེ་རྗེས་དགོན་པ་ ༡༧ ཚང་མ་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཞེ་དྲག་ཆགས་པ་མ་ཟད། སབྱིན་བདག་ཚོ་ཡང་འཆམ་པོ་བྱུང་སོང་། ཞེས་བརྗོད་བྱུང་བ་དེ་དག་ནི་མིག་མཐོང་ལག་ཟིན་གྱིས་དཔེར་བརྗོད་ལྟ་བུ་ཡིན། ཁྱེད་རང་ཚོ་ཡུལ་པ་ཚོའི་ནང་དོལ་རྒྱལ་བསྟེན་མཁན་ཤུལ་ལུས་ཁ་ཤས་ཁ་ཤས་ཡོད་ན་མ་གཞི་ཁྱེད་ཚོས་གཟབ་གཟབ་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་གིས་ཡུལ་པ་ཚོར་དམིགས་བསལ་བཀའ་སློབ་ཕེབས་པའི་ནང་། རྒྱུན་སྲོལ་ལྟ་བུ་བྱས་ཏེ་ཡུལ་ལྷ་གཞི་བདག་གསོལ་རྒྱུར་དམར་མཆོད་འབུལ་རྒྱུ་དེ་འདྲ་ཡོང་བཞིན་འདུག ལ་དྭགས་དང་མོན་སོགས་ནང་ཁ་ཤས་ཡོང་བཞིན་འདུག དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད། སོ་སོ་ནང་པ་མིན་པ་དེ་འདྲ་ཡིན་ཚེ་སོ་སོའི་ཡུལ་ཆོས་རེད་ངོས་ནས་དེར་བྱུས་གཏོགས་བྱེད་རྒྱུ་གང་ཡང་མེད། ནང་པ་ཡིན་བསམ་པ་ཞིག་ཡོད་ན་དམར་མཆོད་རྩ་བ་ནས་མ་ཕུལ་ཨང་། དགོས་པ་རྩ་བ་ནས་མེད། དེ་ནི་ནོར་བ་ཞིག་རེད། ང་ཚོའི་མགོན་སྐྱབས་དཔུང་གཉེན་ཚང་མ་སངས་རྒྱས་བཅོམ་ལྡན་འདས་རེད། ཡུལ་ལྷ་གཞི་བདག་ཟེར་བ་དེ་དག་ང་ཚོ་དང་གཅིག་པ་རེད། ཁོ་རང་ཚོ་ཡང་ལས་ཉོན་གྱི་གཞན་དབང་ཅན་རེད། ང་ཚོ་ཡང་ལས་ཉོན་གྱི་གཞན་དབང་ཅན་རེད། སྙིང་རྗེའི་ཡུལ་རེད་མ་གཏོགས་དེ་དག་གསོལ་རྒྱུ་སོགས་ལ་བསམ་བློ་རྩ་བ་ནས་གཏོང་དགོས་ཀྱི་མེད། དུས་དུས་ལ་རྔན་པ་སྤྲད་པ་ལྟ་བུ་བྱས་ཏེ་ང་ཚོ་མི་ཕན་ཚུན་ཞལ་ལག་བཏང་སྟེ་གྲོགས་པོ་བཟོས་པ་ལྟར་རེད་མ་གཏོགས་དམར་མཆོད་འབུལ་རྒྱུ་དང་ཁྱེད་ཀྱིས་མཁྱེན་ཞེས་སྐྱབས་གནས་ལ་བསྟེན་ནས་བློས་བཀལ་རྩ་བ་ནས་བྱེད་རྒྱུ་མེད། ཁྱེད་རང་ཚོར་ལྷས་གནོད་འདུག་ཀླུས་གནོད་འདུག་གཤིན་འདྲེས་གནོད་འདུག གསོན་འདྲེས་གནོད་འདུག་ཟེར་གྱི་འདུག་ན་སྙིང་རྗེ་དང་འཕགས་པ་སྤྱན་རས་གཟིགས་སྒོམ་སྟེ་གསོལ་བ་འདེབས་དགོས། དེས་མ་ཐུབ་པ་གཅིག་ཀྱང་མེད། རྣམ་རྟོག་རྩ་བ་ནས་མ་བྱེད། འབྱུང་བ་འཁྲུག་པའི་ནད་ཡིན་ན་སྨན་བཟས་ཏེ་འཕྲོད་བསྟེན་ཡག་པོ་བྱེད་དགོས། ཐ་མག་དང་ཨ་རག་མང་པོ་མ་འཐུང་། དེ་དག་འཐུང་ན་གློ་བ་དང་མཆིན་པ་འཕྲོ་བརླག་འགྲོ་གི་རེད་ཅེས་དང་སངས་རྒྱས་པའི་ཆོས་ལ་སློབ་སབྱོང་ཡག་པོ་བྱེད་དགོས་པ་སོགས་ཀྱི་བྱམས་བརྩེའི་བཀའ་སློབ་དང་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་ཟབ་མོ་སྩལ་གྲུབ་བསྟུན་ཐེངས་འདིའི་གསུང་ཆོས་གྲ་སྒྲིག་ཚོགས་ཆུང་དང་མི་མང་རྣམས་ནས་༸གོང་ས་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་རྗེས་ཐེངས་འདིའི་གར་ཞྭ་ཇེ་སི་པ་ཁུལ་གྱི་མཛད་འཕྲིན་ཡོངས་སུ་གྲུབ་སྟེ་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་ཆིབས་༸ཞལ་བསྒྱུར་ཏེ་ཀྱི་ལོང་ས་ཁུལ་གྱི་སི་སུ་མགྲོན་ཁང་དུ་བཞུགས་གདན་འཇགས།།