༢༠༡༣ ཟླ་ ༡༢ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་སྒྲུབ་ལགས་ནས་ས་གནས་ནས་བཏང་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༤ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་སྦེང་ལོར་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཤར་རྩེ་མཁན་རིན་པོ་ཆེ་མཆོག་དང་། ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གི་སྐུ་ཚབ་དགེ་བཤེས་ཐུབ་བསྟན་རབ་རྒྱས་ལགས། གྲྭ་ཚང་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་མཆོག་རྣམ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས།
ལྷོ་སྤྱི་ཀརྨ་སེང་གེ་ལགས། བདེ་སྐྱིད་སླར་གསོ་དང་ལུགས་བསམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཐོག་སྦེང་ལོར་མགྲོན་ཁང་དུ་གདན་འདྲེན་ཞུས་ཡོད་པ་དང་མགྲོན་ཁང་མདུན་དུ་གྲྭ་ཚང་ཁག་གི་མཁན་པོ་རྣམས་དང་ཕྱོགས་བཞུགས་སྤྱི་འཐུས་དང་ས་གནས་གྲོས་ཚོགས་ཁག་གི་ཚོགས་མི། བྱང་ཆུབ་ལམ་རིམ་གོ་སྒྲིག་ལྷན་ཚོགས་ཀྱི་འཐུས་མི། གྲྭ་ཚང་ཁག་གི་མཁན་པོ་བླ་སྤྲུལ་ལས་ཟུར་རྣམ་པ། ཚོགས་པ་ཁག་གི་ལས་སྣེ་རྣམ་པ་བཅས་ཕེབས་བསུར་བཅར་ཡོད། དེ་རྗེས་སྦེང་ལོར་མགྲོན་ཁང་ནས་ཕེབས་འགྲོའི་ཐོག་ཆིབས་སྒྱུར་གྱིས་ཉིན་དགུང་ཆུ་ཚོད་ ༡༢ པའི་ཐོག་སེ་ར་ཐེག་ཆེན་གླིང་དུ་༸ཞབས་སོར་འཁོད་སྐབས། སེ་ར་བྱེས་སྨད་གཉིས་དང་ཆོས་སྡེ་ཁག་གི་མཁན་ལས་ཟུར་རྣམས་དང་གྲྭ་དམངས་ཀྱིས་བཀྲ་ཤིས་པའི་མཆོད་རྫས་སྣ་ཚོགས་ཐོགས་ཏེ་སེར་སྦྲེངས་དང་། སྤྱི་མི་བརྒྱ་དཔོན་གྱིས་གཙོས་གཞིས་གྲོང་སོ་སོའི་གཞིས་མི་དང་ཆོས་ཞུ་བ་མི་མང་། དེ་བཞིན་སློབ་ཕྲུག་བཅས་ཀྱིས་བདུག་སྤོས་དང་མེ་ཏོག དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། སྦེལ་ཀོབ་ལྷ་མོ་ཚོགས་པས་སེ་ར་བླ་སྤྱིའི་འདུ་ཁང་མདུན་དུ་བོད་ཀྱི་སྲོལ་རྒྱུན་གྱི་ལྷ་མོ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་གིས་སེ་ར་བླ་སྤྱིའི་ཚོགས་ཆེན་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་ཐོག་མར་གནས་གཟིགས་མཛད་དེ་ཞབས་སྟེགས་ཐོག་འཁོད་བསྟུན། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་མཇལ་ཞུ་གྲུབ་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕེབས་སྟོན་མཛད་སྒོར་བཅར་བའི་སྐུ་མགྲོན་དང་གནད་ཡོད་མི་སྣ། ཕྱི་ནང་གི་གསར་འགོད་པ་བཅས་ལ་བཀའ་སློབ་སྩལ་དོན།
དེ་རིང་འདིར་གཙོ་བོ་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་ཆོས་འབྲེལ་བྱེད་རྒྱུ་དེ་ཡིན་པས་ལམ་རིམ་ཆེ་ཆུང་གཉིས་སྔོན་ལོ་ཟིན་པ་རེད། འདི་ལོ་དེའི་ལྷག་འཕྲོས་དེ་རྣམས་གང་ཚར་ཚར་བྱ་རྒྱུ་ཡིན། དེ་རིང་འདིར་ཁྱེད་ཚོ་ཕྱོགས་མཐའ་ཁག་གི་ནང་བསྟན་པ་དང་འགྲོ་བའི་དོན་མཛད་མཁན་གྱི་མཁན་པོ་དང་མཁན་ཟུར། དེ་བཞིན་དགེ་བཤེས་བླ་སྤྲུལ་གཞན་ཡང་ངོས་ཀྱི་ངོ་ཤེས་མང་པོ་ཞིག་འདུ་འཛོམས་བྱུང་འདུག་པ་ཁྱེད་རྣམ་པ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ཐེངས་འདིའི་བཀའ་ཆོས་གྲུབ་རྗེས་སྦེང་ལོར་ཁུལ་གྱི་སློབ་གྲྭ་ཁག་གཉིས་ནང་འགྲོ་རྒྱུ་དང་། དེ་ནས་ཧིན་དུའི་བླ་མ་མོ་ན་སོ་མི་ (Muna Swami) ཁོང་དེ་སྔོན་འབྲས་སྤུངས་ལ་ཡོང་སྟེ་ཆེད་མངགས་ཁོང་གི་བསྟི་གནས་ཁང་ཡོད་ས་ཏ་མིལ་ན་ཏུར་ཡོང་རོགས་བྱེད་གསུང་བཞིན་འདུག་པར་འགྲོ་རྒྱུ་ཡིན། ཁོང་ལོ་ཉི་ཤུ་རྩ་གྲངས་ཤིག་ངག་བཅད་བྱས་ཏེ་ཉམས་ལེན་བྱེད་མཁན་ཞིག་རེད་འདུག་དེར་བརྟེན་ངོས་རང་ཡང་ཡིད་འཕྲོག་པོ་བྱུང་། དེ་ནས་སྔ་མོ་བོད་ལ་ཡིན་ན་སྐྱབས་མགོན་སྦུག་ཅེས་མིང་ཁོ་རང་སྐྱབས་མགོན་སྦུག་རེད། རྫིག་པོ་བྱས་ཏེ་སྡོད་རྒྱུ་ཞིག་དང་། བོད་གཞུང་གི་བཀའ་བློན་གཟིམ་ཤག་བར་སྐོར་ནང་ཡོད་པ་དེ་དག་གིས་བར་སྐོར་ནང་སྒེའུ་ཁུངས་ནས་མར་ལྟ་བའི་ལུགས་སྲོལ་མེད།
དེ་ལྟར་བལྟས་ཚེ་འོ་ཛི་ག་འདྲ་ཡིན་ནམ་བཀའ་བློན་གྱིས་བར་སྐོར་ནང་ལྟ་གི་འདུག ཅེས་ཤོད་པའི་ལུགས་སྲོལ་ཡོད། དེ་ལྟ་བུའི་བློ་སྦུག་དོག་པོའི་བསམ་བློ་དེ་ཕན་ཐོགས་རྩ་བ་ནས་མེད། ངོས་ཀྱིས་ནམ་རྒྱུན་དུ་མི་སྟོང་ཕྲག་ཁྲི་ཕྲག་ལ་སྐད་ཆ་ཤོད་སྐབས་ངོས་རང་མི་ཞིག་ཡིན་ཞེས་ཤོད་ཀྱིན་ཡོད་པ་ལས་རྗིག་པོ་དང་སྤམ་པོ་གང་ཡང་ཤོད་རྒྱུ་མེད།
ང་ཚོ་སང་ཉིན་གནངས་ཉིན་ཐུག་གི་རེད། ལས་བྱེད་ཚོར་ཆ་བཞག་ན་གཞིས་ཆགས་འདི་རྙིང་ཤོས་གྲས་ཤིག་རེད་ལ་ཆེ་ཤོས་ཤིག་ཀྱང་རེད། ད་ཆ་ལོ་ངོ་འདི་ཙམ་མང་པོ་ཕྱིན་ཟིན་པ་རེད། མི་རབས་རྒན་པོ་ཚོ་ཡོང་བའི་སྐབས་ལ་སློབ་གྲྭ་ཐོན་པ་དེ་འདྲ་ཡོད་པ་མ་རེད། བོད་ནས་ཞིང་འབྲོག་ས་ཁུལ་ཁག་ནས་ཐད་ཀར་ཡོང་བ་རེད། དེ་དག་གི་གནས་སྟངས་ཤེས་པའི་ཐོག་ནས་ཞིང་ལས་རང་ཁ་རང་གསོ་བྱས་ཡོད། མི་རབས་གསར་པ་སླེབས་པ་རྣམས་སློབ་སྦྱོང་ཡོད་པ་ཤ་སྟག་བསླེབས་ཡོད།
བྱས་ཙང་དེ་ལ་དཔགས་པའི་གཞིས་ཆགས་ཁག་གི་བྱེད་སྟངས་དེ་ཡང་བསམ་བློ་གཏོང་དགོས་རྒྱུ་ཞིག་རེད། ལག་སྩལ་ལ་སོགས་པ་དེ་འདྲའི་ཐོག་ནས་སོ་སོའི་མི་ཚེ་གདེང་འཁེལ་བ་ཞིག་བ་ཞིག་ཡོང་རྒྱུ་དང་། ལས་བྱེད་པ་ཁྱེད་རང་ཚོར་ཆ་བཞག་ན་མི་བརྗེ་པོ་རྒྱག་གི་ཡོད་ཀྱང་ཁྱེད་རང་ཚོ་འདིར་སྡོད་པའི་རིང་ལ་སྔར་ལམ་རྒྱུན་སྲོལ་ཕྱིན་པ་ལྟ་བུ་མིན་པར་རང་རང་གིས་ས་གནས་ས་ཐོག་ཏུ་དངོས་ཡོད་གནས་ཚུལ་གཡས་གཡོན་ལ་ཞིབ་འཇུག་བྱས་ཏེ་དཔལ་འབྱོར་སོགས་འཛུག་སྐྲུན་བྱེད་སྟངས་ག་རེ་ག་རེ་འདུག་དེར་བསམ་བློ་གཏོང་དགོས་པ་ཡིན། ད་བར་ཚང་མས་ཧུར་བདག་བྱས་པ་རེད་ལ་ལྷག་པར་དུ་སློབ་གྲྭའི་དགེ་རྒན་ཁྱེད་ཚོས་ཧུར་ཐག་འབད་ཐག་བྱས་པར་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། དགེ་འདུན་རྣམ་པ་ཚོར་ཞུ་རྒྱུར་གདན་ས་འདི་ཚོའི་གྲས་ནས་ལོ་ངོ་བརྒྱ་ཕྲག་འགའ་ཞིག་ནང་ལུང་སྡོད་སྣོད་གསུམ་མྱོང་བ་ཁྱད་བསད་ཐོག་ནས་སློབ་གཉེར་བྱས་པའི་ལག་རྗེས་སུ་བསླབ་པ་གསུམ་ལག་ལེན་བསྟར་ནས་ཉམས་ལེན་བྱེད་རྒྱུ་དང་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་བསྟི་གནས་མི་རབས་མང་པོ་གནས་ཡོད་ལ་ང་ཚོ་བཙན་བྱོལ་བ་ཆགས་ཏེ་གནས་ཚུལ་ཉག་ཕྲ་པོ་ཆགས་པའི་སྐབས་མཚམས་སུའང་གཙོ་ཆེན་མཁན་པོ་བགྲེས་པ་ཚོས་དངོས་གནས་དཀའ་ལས་བརྒྱབ་ནས་ཧུར་ཐག་འབད་ཐག་བྱས་སོང་། ད་ཆ་མང་པོ་ཞིག་ནི་གཤེགས་ཟིན་ཏེ་དྲན་པའི་ཡུལ་ཙམ་ལས་གང་ཡང་མེད། འོན་ཀྱང་དཀའ་ངལ་ཆེ་བའི་གནས་སྐབས་སུ་བོད་མི་རིགས་འདི་ཆགས་དང་འཇིག་གི་གནས་སྐབས་སུ་ཧུར་ཐག་འབད་ཐག་གནང་ཡོད་པར་སོང་དེ་དག་གིས་བཀའ་དྲིན་མི་རབས་ནས་མི་རབས་དྲན་དགོས་ལ་དྲན་གྱི་ཡང་རེད། ད་རེས་འདིར་བླ་མ་སྤྲུལ་སྐུ་མང་པོ་ཞིག་འདུག རྒྱ་གར་ནང་མགོན་པོ་ཀླུ་སྒྲུབ་སོགས་ཀྱི་སྤྲུལ་སྐུ་ཡིན་ཞེས་ངོས་འཛིན་བྱེད་རྒྱུ་དེ་འདྲ་ཡོད་པ་མ་རེད། འོན་ཀྱང་ང་ཚོ་བོད་ལ་ཐོག་མར་ཀརྨ་པ་རིན་པོ་ཆེ་མཆོག་དང་བསམ་སྡིང་རྡོ་རྗེ་ཕག་མོ་དེ་འདྲའི་ཐོག་ནས་ཡང་སྲིད་ཕེབས་རྒྱུའི་ཞལ་ཆེམས་དང་ལུང་བསྟན་ཧ་ཅང་གསལ་པོ་ཞིག་བྱུང་སྟེ་ངོས་འཛིན་བྱས་ཏེ་བླ་མའི་ཡང་སྲིད་ཅེས་པ་དེ་ཕལ་ཆེར་བྱུང་བ་མིན་ནམ་དེ་ཚོའི་གྲས་ཞིབ་འཇུག་བྱེད་རྒྱུ་ཞིག་རེད། གང་ལྟར་བོད་པའི་སྤྱི་ཚོགས་ནང་བླ་མ་སྤྲུལ་སྐུ་ཞེས་པ་དེ་དག་གིས་དངོས་གནས་སོ་སོའི་ས་ཁུལ་དེའི་བསྟན་པ་དང་འགྲོ་བར་ཕན་ཐོགས་ཞིག་བྱས་པ་ཡིན་ནའང་ནུས་པ་ཐོན་པ་བྱེད་ཐུབ་པ་དང་། དེར་བརྟེན་བླ་མའི་མཚན་ཡོད་མཁན་ཚོས་ཆུང་ཆུང་དུས་ནས་བླ་མའི་མིང་ཞིག་ཐོགས་ཟིན་པར་སོང་ཆུ་བཟང་རིན་པོ་ཆེས་གསུངས་པ་ལྟར། སྐུ་སྐྱེས་བསྟན་དོན་དུ་བྱོན་ན་བཤད་གྲུབ་ལག་ཤེས་ཤིག་ཡོད། ཅེས་གསུངས་པ་ལྟར་དེ་ཧ་ཅང་གལ་ཆེན་པོ་རེད། ཚང་མས་ཧུར་ཐག་གནང་ཤོག་ཨང་། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་གྲུབ་རྗེས་སེར་སྨད་གྲྭ་ཚང་དུ་ཆིབས་སྒྱུར་བསྐྱངས།།