༢༠༡༣ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦེལ་ལྗམ་གནས་སྡོད་བསམ་འགྲུབ་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཕུར་བུའི་ཉིན་བཏང་གནས་ནང་འཁོད་དོན། རྒྱ་དམར་གྱིས་དྲག་པོའི་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་ནི་ཕྱི་ལོ་ ༡༩༦༨ ལོར་མདོ་ཁམས་ནགས་ཤོད་འབྲི་རུའི་ཡུལ་ཏོ་ཐོ་གྲོང་དུ་འཁྲུངས།
ཕྱི་ལོ་ ༡༩༨༧ ལོར་ལྟར་མོས་དགོན་དུ་སྒྲིག་ཞུགས་གནང་། ཕྱི་ལོ་ ༡༩༨༩ ལོར་འཕགས་ཡུལ་དུ་འབྱོར་ནས་སེར་བྱེས་གྲྭ་ཚང་དུ་ཞུགས། མི་ལོ་བཅུ་དགུའི་རིང་ནང་ཆོས་གཙོ་བོར་བྱས་པའི་ཐོག་༸གོང་ས་མཆོག་གི་དགོངས་གཞི་དང་བཀའ་འབྲེལ་བཞིན་ཚན་རིག་ཟབ་སྦྱོང་ལ་ལོ་མང་ཕྱིན་པ་སོགས་གནའ་དེང་གི་རིག་པའི་གནས་རྣམས་ལ་ཞིབ་ཏུ་སྦྱངས། གྲྭ་ཚང་གི་རྒྱུགས་སྤྲོད་སྐབས་རྩེ་ཕུད་ཀྱི་མཚན་གནས་འབའ་ཞིག་བཞེས། རང་ཤག་ཏུ་སློབ་མ་མང་པོ་ལ་དཔེ་ཁྲིད་གནང་བ་དང་། འབྲི་རུ་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་མཁས་གྲུབ་མཆོག་གི་མཚན་ཞབས་ལོ་མང་གནང་། གཞན་ཡང་རིགས་ཆུང་ཚོགས་ལངས། འཇང་དགུན་ཆོས་སྐབས་ཀྱི་དམ་བཅའ་ཆེན་མོ་བཞུགས་པ་སོགས་བྱས་རྗེས་ཆེ། གྲྭ་ཚང་གི་འཛིན་གྲྭ་ཐོན་མཚམས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕྱིན་ནས་བཀའ་རམས་ལོ་རིམ་གཉིས་ལ་ཨང་གཉིས་པ་དང་གསུམ་པའི་མཚན་གནས་བཞེས། ཕྱི་ལོ་ ༢༠༠༧ ལོར་ནང་ཆོས་དང་བོད་ཀྱི་རིག་གཞུང་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་རང་ཡུལ་དུ་ཕེབས།
ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པའི་ཉེས་མིང་འོག་ལོ་གཉིས་བཙོན་འཇུག་རྗེས་བཙོན་གྲོལ་ཐོབ་ནས་ཆོས་གླིང་དགོན་དུ་མཚན་ཉིད་རིག་གནས་ཀྱི་དགེ་རྒན་གནང་། ལྟར་མོས་དགོན་དུ་སྐྱ་སེར་དབྱེར་མེད་ཀྱི་མཚན་ཉིད་བཤད་གྲྭ་བཙུགས། སློབ་མ་སུམ་བརྒྱ་ལས་བརྒལ་བར་བོད་ཀྱི་བརྡ་སྤྲོད་རིག་པའི་གནས་སོགས་སློབ་ཁྲིད་གནང་བ་དང་། གཞན་ཡང་དགོན་དང་གྲོང་སྡེ་མང་པོ་ལ་ནང་ཆོས་ངོ་སྤྲོད་དང་བོད་ཀྱི་རིག་གཞུང་སྐོར་སོགས་འཆད་ཁྲིད་གནང་བ་བཅས་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་དང་མདོ་ཁམས་ནགས་ཤོད་འབྲི་རུའི་ཡུལ་ལུང་ལ་སྨན་པའི་བསྟན་འགྲོའི་དོན་རྒྱ་ཆེ་གནང་། གཞོན་སྐྱེས་གཙོ་བོར་བྱས་པའི་ལུང་པའི་ནང་གི་མི་མང་པོ་ཞིག་ཤོ་སྦག་རྒྱན་འཇོག་མི་བྱེད་པ་དང་། གྲོང་དང་ཡུལ་སྡེ་ཕན་ཚུན་དང་མི་སྒེར་སོགས་ཀྱི་བར་འཁྲུག་རྩོད་མི་བྱེད་པའི་དམ་འཇོག་གནང་བ་སོགས་རླབས་ཆེན་གྱི་བྱས་རྗེས་ལ་བརྟེན་ནས་ཡུལ་མི་ཀུན་གྱིས་དད་གུས་དང་ཡིད་ཆེས་ཚད་མེད་ཞུ་བཞིན་ཡོད་པས་ཡུལ་ལུང་སྤྱི་ལ་ཕན་རླབས་ཆེ་བའི་མི་ཞིག་ཏུ་མཐོང་ནས། སྦྲུལ་བསད་ན་མགོ་རྡུང་དགོས། ཞེས་པའི་དཔེ་ལྟར་རྒྱ་དམར་གྱི་མིག་ལ་མ་བཟོད་ནས་ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༢༣ ཉིན་རྒྱ་དམར་གྱི་དྲག་པོའི་བཙན་གནོན་འོག་ལྟར་མོས་དགོན་པ་སྒོ་བརྒྱབ་པ་དང་། ལྷ་ས་ནས་ངག་དབང་འཇམ་དབྱངས་ལགས་དང་། ལྟར་མོས་དགོན་གྱི་གྲྭ་སྐལ་བཟང་ཕྱོགས་གླང་རྣམ་པ་གཉིས་འཛིན་བཟུང་བྱས་འདུག ལྟར་མོས་དགོན་དུ་རྒྱ་དམག་ཕོན་ཆེན་འབྱོར་ནས་དགོན་པའི་ནང་ཀུན་བསྔོགས་པ་དང་ལྷག་པར་དུ་ངག་དབང་འཇམ་དབྱངས་ལགས་ཀྱི་གཟིམ་ཁང་ལ་སྔོག་བཤེར་བྱས་ནས་གློག་ཀླད་གཉིས་འཕྲོག་ཡོད་འདུག །
རྒྱ་དམར་གྱིས་མནར་གཅོད་དྲག་པོའི་འོག་འདི་ཟླའི་སྤྱི་ཚེས་ ༡༧ ཉིན་ངག་དབང་འཇམ་དབྱངས་ལགས་རྐྱེན་ལམ་དུ་བཏང་ནས་ཕུང་པོ་ནང་མི་ལ་ཕྱིར་སྤྲད་འདུག ། སྐལ་བཟང་ཕྱོགས་གླང་གི་གནས་ཚུལ་ག་འདྲ་ཡིན་མིན་ད་ལྟ་སུ་གང་གིས་ཤེས་རྟོགས་བྱུང་མེད།།