༢༠༡༣ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢ ནས་ ༩ བར་རྒྱ་གར་བྱང་ཤར་ཁུལ་གྱི་སྒང་ཏོག་དང་ནུབ་བྷེང་སྒལ་བཅས་ནང་རྟེན་གཞི་བྱས་པའི་བོད་པའི་དགོན་པ་དང་སློབ་གྲྭ དེ་བཞིན་བོད་མིའི་གཞིས་སྒར་ཁག་གི་ནང་སྐོར་བསྐྱོད་འཕྲོད་བསྟེན་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད། ལས་འགུལ་དེ་ནི་སུ་ཝི་ཌེན་རོགས་ཚོགས་སོ་ཡིར་ཨེམ་ SOIR IM ཞེས་པ་ཡིན་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དང་བྱི་པའི་འཕྲོད་བསྟེན་ལས་གཞིའི་འབྲེལ་མཐུད་པ་ངག་དབང་བསྟན་འཛིན་ལགས་དང་སྤྱི་ཚོགས་འཕྲོད་བསྟེན་ལྟ་སྐྱོང་ཚན་པའི་འགན་འཛིན་འཕྲིན་ལས་དཔལ་མོ་ལགས་ཀྱིས་གསུང་དོན། རོགས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་འཕྲོད་བསྟེན་སྔོན་འགོག་སོགས་ཀྱི་གོ་རྟོགས་རྒྱ་ཁྱབ་སྤེལ་རྒྱུ་ཡིན། ཞེས་གསུངས། ཐེངས་འདིར་འབྲེལ་ཡོད་འཕྲོད་བསྟེན་ལས་བྱེད་རྣམ་གཉིས་ཀྱིས་ར་བང་ལ་དང་སྒང་ཏོག ཀ་སྦུག རྡོ་རྗེ་གླིང་། སོ་ན་ཌ་བཅས་ཀྱི་ནང་སེམས་ངལ་དང་ཀྲི་བྷི། མཆིན་པའི་གཉན་ཚད་གཉན་ནད་རེག་དུག སྐྲན་ནད་བཅས་ཀྱི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཡོད་པ་མ་ཟད། ཀ་སྦུག་དང་རྡོར་གླིང་། སོ་ན་ཌ་བཅས་ཀྱི་གཏན་སློབ་ཁག་གསུམ་གྱི་ནང་ཁའི་ནང་གི་འཕྲོད་བསྟེན་སྐོར་གོ་རྟོགས་སྤེལ་ཡོད། ཐེངས་འདིར་གོང་བརྗོད་འཕྲོད་བསྟེན་ལས་བྱེད་གཉིས་ཀྱིས་བོད་མི་གྲངས་ ༡༦༨༤ ཙམ་ལ་འཕྲོད་བསྟེན་སྐོར་གོ་རྟོགས་སྤེལ་ཡོད། ཕྱོགས་མཚུངས་འདི་ལོའི་ཕྱི་ཟླ་ ༩ ནང་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་བྱང་ཤར་ཤི་ལོང་དང་མེའོ། ཏི་ཛུ་སོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཁྱོན་བོད་མི་ ༡༠༠༠ བརྒལ་བར་འཕྲོད་བསྟེན་གོ་རྟོགས་སྤེལ་ཡོད་པ་བཅས།།