༢༠༡༣ ཟླ་ ༡༢ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ ༢།༣༠ ཐོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བུད་མེད་ཀྱི་འགན་ཁུར་སྣེ་ཁྲིད་ཟབ་སྦྱོང་དུ་བོད་མིའི་གཞིས་ཆགས་ཁག་ ༢༡ ནས་ས་གནས་འགོ་འཛིན་སོགས་ཁྱོན་བུད་མེད་ ༢༧ ཕེབས་ཆེད་གནང་ཡོད་པ་ཚོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་རྣམ་པ་ཚང་མར་ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་བུད་མེད་ཀྱི་ནུས་ཤུགས་སྤེལ་རྒྱུའི་ཟབ་སྦྱོང་ཐོག་ནས་བུད་མེད་ཀྱི་ནུས་སྟོབས་གང་ཞིག་ཡིན་པ་དང་། བུད་མེད་ཀྱི་འགན་དང་སྣེ་ཁྲིད་དགོས་རྒྱུའི་སྐོར་རེད། ཟབ་སྦྱོང་འདིས་ཚང་མར་ཕན་ཐོགས་ཡོང་གི་རེད་བསམས་པའི་རེ་བ་དང་ཡིད་ཆེས་ཡོད། བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ་གལ་ཆེ་ཡིན་སྐོར་བཀའ་ཤག་སྐབས་གོང་མ་དང་ད་ལྟའི་བཀའ་ཤག་གིས་ངོས་འཛིན་དང་འབྲེལ་འབད་བརྩོན་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་འབྱོར་བ་རེད། དེ་དུས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པར་བུད་མེད་ཀྱི་ནུས་སྟོབས་དགོས་ཀྱི་ཡོད་པ་མ་ཟད། བུད་མེད་ཚོར་ཐོབ་ཐང་འདྲ་མཉམ་གནང་དགོས། ཞེས་ཕྱི་ལོ་ ༡༩༦༠ གྲོས་ཚོགས་ཐོག་མར་ཚོགས་སྐབས་བུད་མེད་ཀྱི་སྐུ་ཚབ་མེད།
འོན་ཀྱང་ཕྱི་ལོ་ ༡༩༦༣ ལོར་གྲོས་ཚོགས་ནང་ཆོལ་ཁ་གསུམ་ནས་བུད་མེད་ཀྱི་སྐུ་ཚབ་རེ་རེ་སླེབས་ཡོད། དཔེར་ན། སུད་སི་ལྟ་བུ་ཡིན་ན། ཕྱི་ལོ་ ༡༩༧༠ ནང་མ་གཏོགས་བུད་མེད་ཀྱི་སྐུ་ཚབ་གྲོས་ཚོགས་ནང་མེད། དེ་བཞིན་བོད་ནང་དུའང་གསུམ་བཅུའི་དུས་དྲན་ཚང་མས་ངོས་འཛིན་བྱེད་བཞིན་ཡོད་ཀྱང་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བུད་མེད་སྤྱི་ཡོངས་ཀྱིས་ལྷ་སར་རྒྱ་ནག་གཞུང་ནས་བོད་བཙན་བཟུང་བྱས་པར་ངོ་རྒོལ་གྱི་རྣམ་པ་གསལ་པོ་བསྟན་ཐུབ་ཡོད། ཕྱིས་སུ་བཙན་བྱོལ་དུ་བུད་མེད་ཚོགས་པ་བཙུགས་ཏེ་བུད་མེད་ཀྱི་ཐོབ་ཐང་ག་རེ་ཡིན་མིན་སྐོར་སོགས་ལ་འབད་བརྩོན་རིམ་པ་གནང་ཡོད། བུད་མེད་ཚོགས་པ་ཡིན་རུང་དེའི་ཐོག་ལ་རླབས་ཆེན་གྱི་ཞབས་ཞུ་བསྒྲུབས་ཡོད། དེ་སྔོན་བཀའ་ཤག་ནས་ཕྱི་ལོ་ ༢༠༠༨ ལོར་བུད་མེད་ཀྱི་དམིགས་བསལ་ཚོགས་ཆེན་ཚོགས་པའི་ཐོག་ནས་དོན་ཚན་བརྒྱད་བྱས་པའི་འཆར་གཞི་བཏོན་པ་གཞིར་བཟུང་རིམ་བཞིན་འབད་བརྩོན་བྱས་ཐོག་བུད་མེད་ཀྱི་ནུས་སྟོབས་ཆེ་རུ་འགྲོ་གི་ཡོད་པ་ངོས་འཛིན་བྱེད་བཞིན་ཡོད། དཔེར་ན། ཤེས་ཡོན་ཐོག་ནས་ཡིན་ན། བུད་མེད་ལ་ཐོབ་ཐང་དང་མཐུན་རྐྱེན་བསྐྲུན་པ་གཞིར་བཟུང་གང་ཙམ་ཡར་རྒྱས་ཕྱིན་པའི་རྣམ་པ་གསལ་པོ་རེད། དེ་སྔོན་གྲོས་ཚོགས་ལ་ཞུ་རྒྱུ་བྱུང། འདི་ལོ་འཛིན་རིམ་བཅུ་གཉིས་ཐོན་མཁན་ཁོངས་སུ་བུ་དང་བུ་མོ་བསྡུར་ན་བུ་མོ་མང་བ་ཡོད། དེ་བཞིན་སློབ་ཡོན་ཞུ་མཁན་ཡིན་ནའང་ཕལ་ཆེར་བུད་མེད་བརྒྱ་ཆ་ལྔ་བཅུ་ང་ལྔ་ང་དྲུག་ཙམ་ཆགས་ཡོད། དེར་བརྟེན་བུའི་བརྒྱ་ཆ་བཞི་བཅུ་ཞེ་ལྔ་ཞེ་དྲུག་མ་གཏོགས་ཆགས་ཀྱི་མེད། ཤེས་ཡོན་ཐོག་བུད་མེད་ཚོས་ཐོབ་ཐང་དང་གོ་སྐབས་ལེན་ཐུབ་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། དེའི་ནང་ནས་དམིགས་བསམ་ཆེད་ལས་པའི་བརྒྱ་ཆ་ཡང་བུད་མེད་མང་བ་ཡོད། ཕྱི་ལོ་ ༡༩༩༠ ནང་བུད་མེད་ཚོ་སློབ་གྲྭར་བསྐྱོད་དེ་འཛིན་རིམ་བཅུ་གཉིས་ཐོན་ཁོངས་ནས་མཐོ་སློབ་ཏུ་བསྐྱོད་མཁན་དཀོན་པོ་རེད་འདུག་ཅེས་སྐབས་དེ་དུས་གླེང་སློང་བྱུང་ཡོད། དེང་སྐབས་གནས་སྟངས་དེར་འགྱུར་བ་ཕྱིན་ཏེ་ཡར་རྒྱས་ཕྱིན་ཡོད། དཔེར་ན། ཨ་རི་ལྟ་བུ་ཡིན་ནའང་མཐོ་སློབ་ཏུ་སྐྱོད་མཁན་བུ་དང་བུ་མོ་བསྡུར་ན་བུད་མེད་ཚོ་བརྒྱ་ཆ་ལྔ་བཅུ་ང་གསུམ་མམ་ང་ལྔ་ཙམ་ཆགས་ཀྱི་འདུག
དེར་བརྟེན་ང་ཚོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་མཉམ་བསྐྱོད་བྱེད་ཐུབ་ཀྱི་ཡོད་པ་གསལ་པོ་རེད། ཤེས་ཡོན་ཡར་རྒྱས་ཕྱིན་ན་དེ་དེ་བཞིན་གྱི་བུད་མེད་ཀྱི་ནུས་པ་དང་འཇོན་སྟངས་ཡར་རྒྱས་འགྲོ་གི་ཡོད། སྤྱི་ཚོགས་ནང་ཉེ་བའི་ཆར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནང་བུད་མེད་ཀྱིས་འགན་འཁྱེར་མཁན་མང་དུ་འགྲོ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཐོག་ནས་འབད་བརྩོན་གནང་དགོས་རྒྱུ། དཔེར་ན། ས་གནས་འགོ་འཛིན་ལྟ་བུར་ཆ་བཞག་ན། ས་གནས་འགོ་འཛིན་བཞི་བཅུ་ཞེ་བཞི་ཡོད་ཁོངས་ནས་བུད་མེད་ལྔ་ལས་མེད་སྟབས། བརྒྱ་ཆ་བཅུ་གསུམ་བཅུ་བཞི་ཙམ་བསླེབས་ཡོད། འོན་ཀྱང་སྲི་ཞུའི་ལས་བྱེད་ཁོངས་སུ་འཛུལ་ཞུགས་བྱེད་མཁན་བུད་མེད་མང་བ་ཡོང་བཞིན་ཡོད། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནང་ལས་བྱེད་ཀྱི་བརྒྱ་ཆར་གཟིགས་ན་བརྒྱ་ཆ་ ༣༦།༥ བུད་མེད་ཆགས་ཡོད། ང་ཚོ་གནས་རིམ་དང་གནས་སྤར་སོགས་བསླབ་པ་རྒན་གཞོན་ཐོག་ནས་འགྲོ་གི་ཡོད་སྟབས། དམིགས་བསལ་གནས་སྤར་སོགས་གནང་སྲོལ་མེད། བོད་མིའི་སྒྲིག་འཛུགས་ནང་དུས་ཡུན་ག་ཚོད་རིང་བ་བཞུགས་ཚེ་རིམ་བཞིན་གནས་རིམ་ཕར་ཏེ་ཟུང་དྲུང་དང་། དྲུང་འཕར། དྲུང་ཆེ་ཆགས་ཀྱི་ཡོད། ད་ཆ་ང་ཚོར་བུད་མེད་དྲུང་ཆེ་གཅིག་ལས་མེད། དྲུང་འཕར་གཉིས། དེབཞིན་ཟུང་དྲུང་དང་དྲུང་གཞོན་དུའང་བུད་མེད་གང་ཙམ་ཡོད། དྲུང་ལས་ཁོངས་སུ་བུད་མེད་ཧ་ཅང་མང་པོ་ཡོད།
དེར་བརྟེན་རྣམ་པ་ཚོ་བོད་མིའི་སྒྲིག་འཛུགས་ནང་ཡུན་རིང་བཞུགས་ན་མ་འོངས་པར་དྲུང་འཕར་དང་དྲུང་ཆེ་ཆགས་རྒྱུ་རེད། དེ་རིང་དམིགས་བསལ་བུད་མེད་ཀྱི་ནུས་སྟོབས་སྤེལ་ཐབས་ཀྱི་ཟབ་སྦྱོང་ཞུས་རྗེས་བོད་མིའི་སྒྲིག་འཛུགས་ནང་ཞབས་ཕྱི་ཡུན་རིང་ཞུས་ཐོག་མ་འོངས་པར་དྲུང་ཆེ་ཆགས་ཀྱི་རེད། ཅེས་ཞུ་རྒྱུ་ཡིན། སློབ་གྲྭ་ཁག་ནང་དགེ་རྒན་གནང་མཁན་ཡིན་རུང་བུད་མེད་མང་དུ་འགྲོ་བཞིན་ཡོད། སྐབས་ ༡༤ པའི་གྲོས་ཚོགས་ནང་བུད་མེད་སྤྱི་འཐུས་ལངས་པ་བརྒྱད་བྱུང་ཡོད། སྐབས་བཅོ་ལྔ་པའི་ནང་བུད་མེད་བཅུ་གཉིས་བྱུང་ཡོད་པ་དེ་ཡར་རྒྱས་ཀྱི་རྣམ་པ་གསལ་པོ་རེད། འོན་ཀྱང་བཀའ་ཤག་སྐབས་ ༡༤ པའི་ཐོག་ང་རང་ལ་བཀའ་བློན་བསྐོ་གཞག་བྱེད་རྒྱུ་འགན་ཡོད་སྟབས། བཀའ་བློན་དྲུག་ནས་གཉིས་བུད་མེད་བསྐོ་གཞག་བྱས་པ་ཡིན། ངས་དུས་རྟག་ཏུ་རྩེད་མོ་སྦྲགས་དངོས་ཡོད་ཀྱི་གནས་ཚུལ་འདི་ལྟར་ཤོད་ཀྱི་ཡོད། ཕྱིར་གདོང་སྟོན་རྒྱུ་དེ་བུད་མེད་ཡིན་ལ་ནང་ཧྲ་ཏག་ཏག་འཛིན་མཁན་ཡང་བུད་མེད་ཆགས་ཀྱི་ཡོད། དེ་བཞིན་ནང་སྲིད་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་གཉིས་ལྷན་ཁང་ཆེ་ཤོས་ཡིན་པ་མ་ཟད། ལོ་གཅིག་གི་སྔོན་རྩིས་འགྲོ་གྲོན་ག་ཚོད་ཡོད་རུང་དེའི་ཁོངས་ནས་བརྒྱ་ཆ་དྲུག་ཅུ་རེ་ལྔ་ཙམ་ཁོང་རྣམ་པ་གཉིས་ལ་འགན་ཡོད་པ་ཆགས་ཀྱི་ཡོད། དེར་བརྟེན་བཀའ་ཤག་ཐོག་ནས་གནང་རྒྱུ་ཡོད་པ་ཕྲན་བུ་གནང་ཡོད། ས་གནས་ཁག་ཡིན་ནའང་ས་གནས་འཐུས་ཚོགས་ཀྱི་ནང་བུད་མེད་མང་དུ་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། །