༢༠༡༣ ཟླ་ ༡༢ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་༡༢ ཚེས་ ༡༠ ཉིན་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༤ འཁོར་བའི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་ཏི་ཛུ་བོད་མིའི་གཞིས་ཆགས་སུ་གནས་སྡོད་བོད་མི་སེར་སྐྱ་མི་མང་རྣམས་ནས་རང་ལུགས་གཟབ་མཆོར་སྤྲས་ཏེ་བསྟན་མཁར་མདུན་ཚང་འཛོམས་ཀྱིས་བསང་གསོལ་གནད་སྨིན་གཟབ་རྒྱས་ཞུས་ཏེ་གཞིས་གྲོང་ནས་བསྟན་མཁར་མདུན་བར་རླུང་རྟ་དར་འཛུགས་ཞུས་རྗེས། ཆུ་ཚོད་ ༧།༣༥ཐོག་སྐུ་མགྲོན་གཙོ་བོ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ལྷ་དགོན་བྱང་ཆུབ་ཆོས་གླིང་གི་དབུ་འཛིན་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག ས་གནས་ཉིན་སློབ་ཀྱི་དགེ་ཆེས་གཙོས་དགེ་ལས་རྣམ་པ་དང། ས་གནས་རང་བདེན་ཚོགས་ཆུང་གི་འཐུས་མི་རྣམ་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམ་པ། ས་གནས་འགོ་འཛིན་དང་ལས་བྱེད་པ་རྣམ་པ།
གཞིས་དགོན་གསུམ་གྱི་དབུ་འཛིན་རྣམ་པ། སློབ་ཕྲུག མི་མང་བཅས་ཁྱོན་མི་གྲངས་ ༣༠༠ བརྒལ་བ་༸རྒྱལ་བའི་ཕོ་བྲང་མདུན་ལྷན་འཛོམས་ཐོག་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་དབུ་བཞུགས་ཐོག་བླ་སྤྲུལ་དགེ་འདུན་པ་རྣམས་གྱི་ཞལ་འདོན་དབུ་འཛུགས་ཀྱིས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། གནད་ཡོད་མི་སྣ་དང་མི་མང་རྣམས་ཀྱིས་རིམ་བཞིན་མཇལ་ཁ་ཞུས། དེ་ནས་ལས་དྲུང་ལས་ཚབ་ཀྱིས་མཛད་སྒོའི་ལས་རིམ་ངོ་སྤྲོད་དང་འབྲེལ་ས་གནས་ཉིན་སློབ་སློབ་མ་རྣམས་ཀྱིས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོང་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་ཡོངས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས། དེ་རྗེས་སློབ་ཕྲུག་རྣམས་ཀྱིས་ནོ་བེལ་ཞི་བདེའི་བསྟོད་དབྱངས་ཕུལ་གྲུབ་བསྟུན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་བོད་མི་སྤྱི་འཐུས་ལྷ་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་ས་གནས་འ
གོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
དེ་རྗེས་ས་གནས་ཉིན་སློབ་དགེ་ཆེས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་རྗེས་ཕྱི་ལོ་ ༢༠༡༣ ལོའི་ས་གནས་ཉིན་སློབ་ཀྱི་སློབ་ཕྲུག་རྩེ་ཕུད་གཉིས་ལ་ཕྱག་འཁྱེར་དང་མཇལ་དར་གནང་ཡོད། དེ་རྗེས་ས་གནས་ཉིན་སློབ་ཀྱི་ཟློས་གར་རུ་ཁག་ནས་གཞས་སྣ་ཁག་དང་གཡག་སོགས་འཁྲབ་སྟོན་ཞུས་པ་དང་། དེ་བཞིན་བུ་གསོ་ཁང་གི་བྱིས་པ་དང་གཞིས་གྲོང་སོ་སོ་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་གྲུབ་མཚམས། ས་གནས་མཉམ་འབྲེལ་དྲུང་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།