༢༠༡༣ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་༢༠༡༣ ཟླ་ ༡༢ ཚེས་ ༡༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་གནས་སྡོད་བོད་རིགས་རྣམས་ལ་གསུང་བཤད་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་དགོང་དྲོ་ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཐོག ནིའུ་ཡོཀ་ནང་ཡོད་པའི་ཧི་མ་ལ་ཡའི་ཟ་ཁང་དུ་བར་ལམ་ཨོ་རི་ས་གཞིས་ཆགས་སུ་ཆར་རླུང་གོད་ཆག་གི་ངལ་སེལ་ཆེད་དཔལ་འབྱོར་འདུ་འགོད་སླད་འདུ་འཛོམས་གནང་བ་ཞིག་ཡིན་འདུག འདུ་འཛོམས་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ནིའུ་ཡོཀ་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་རྒྱུན་ལས་སྐུ་ཚབ་དང་། ས་གནས་མང་ཚོགས། སྐུ་ཚབ་དོན་གཅོད་ཟུར་པ། བོད་ཀྱི་ཐེབས་རྩའི་འགན་འཛིན། སྐུ་ཚབ་དོན་གཅོད་ཁང་གི་སྲི་ཞུ་ལས་བྱེད་བཅས་ཚང་འཛོམས་ཐོག་གསུང་བཤད་གནང་དོན། དེ་རིང་འདིར་ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དམིགས་སུ་བཀར་ཏེ་བར་ལམ་ཨོ་རི་ས་གཞིས་ཆགས་སུ་ཆར་རླུང་དྲག་པོས་སྟོན་ཉེས་བྱུང་བར་གུན་སྐྱོབ་ཆེད། ང་འདི་གར་བཅར་བ་དང་སྟབས་བསྟུན་གསོལ་ཚིགས་གོ་སྒྲིག་གནང་བ་ཞིག་རེད།
དེ་རིང་གི་འདུ་འཛོམས་ཐོག་མཉམ་ཞུགས་གནང་མཁན་མང་པོ་ཞིག་ཕེབས་འདུག ང་རང་འདིར་བཅར་ཐུབ་པ་ཧ་ཅང་དགའ་པོ་བྱུང་། བོད་མིར་དཀའ་ངལ་འཕྲད་པའི་སྐབས་བོད་མི་གཞན་དང་ལྷག་པར་མཐུན་རྐྱེན་ཡོད་མཁན་ཚོས་རོགས་སྐྱོབ་ཞུ་རྒྱུ་དེ་ང་ཚོ་བོད་མི་ཚང་མའི་འགན་ཆགས་ཀྱི་ཡོད། ད་ལྟའི་ལས་བསྡོམས་ནང་གསལ་བ་བཞིན་བར་ལམ་ཡང་ཁྱེད་ཚོས་ཞལ་འདེབས་བསྡུ་རུབ་གནང་འདུག ངས་གོ་ཐོས་ལ་དེ་རིང་གི་གསོལ་ཚིགས་སྐབས་ནིའུ་ཡོཀ་ས་གནས་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རིང་མིན་གོ་སྒྲིག་ཞུ་རྒྱུར་བང་སྒྲིག་ཡོད་པ་འདྲ། དེའི་ནང་ཨོ་རི་ས་བུན་སྐྱོབ་ཆེད་འཆར་གཞི་འབུལ་རྒྱུ་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ད་ལྟ་ལས་རིམ་སྒྲིག་བཞིན་པ་རེད་འདུག དེ་དག་ཚང་མ་ཁྱེད་རང་ཚོ་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མིའི་གནས་སྟངས་དང་བསྡུར་ན་ཁྱེད་རང་ཚོ་དཔལ་འབྱོར་གྱི་གནས་བབ་གང་ཙམ་ཡག་པོ་ཡོད་པར་བརྟེན། ལྷག་པར་འཛིན་སྐྱོང་བཀའ་ཤག་དང་ནང་སྲིད་ལས་ཁུངས་ནས་འབོད་སྐུལ་ཞུས་པ་བཞིན་ཁྱེད་རང་ཚོས་དྭང་དུ་བླངས་ཏེ་འདི་ལྟར་གནང་བར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྟོན་ཉེས་གོད་ཆག་བྱུང་བ་དེར་ནང་སྲིད་ལས་ཁུངས་ཀྱིས་རྩིས་སྐོར་བར་ཞིག་ན་ཧིན་སྒོར་འབུམ་ཉིས་བརྒྱ་ཙམ་རེད། ཨ་སྒོར་འབུམ་གསུམ་དང་སུམ་ཁྲི་སུམ་སྟོང་སུམ་བརྒྱ་སུམ་ཅུ་སོ་གསུམ་ཙམ་རེད། ཨ་རིས་གཙོས་ཡུ་རོབ་ཁུལ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཚང་མས་མཉམ་རུབ་བྱས་ན་གང་ཙམ་ཞིག་ཕན་ཐོགས་ཏན་ཏན་ཡོང་གི་རེད་བསམས་ཀྱི་འདུག མ་འོངས་པའི་གནས་སྟངས་ཡིན་ནའང། ང་རང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་གང་འདྲ་ཞིག་འཕྲད་པ་ཡིན་རུང་། ང་རང་ཚོ་མི་རིགས་གཅིག་གིས་གཅིག་ལ་ཕན་ཐོགས་ཐུབ་པ་བྱུང་ན། འདི་གཟི་བརྗིད་ཀྱི་གནས་སྟངས་རེད། མི་གཞན་ཞིག་ལ་ལག་པ་བརྐྱང་པ་ལས་ང་རང་ཚོའི་ནུས་པ་མཉམ་སྤུངས་ཐུབ་ན་རོགས་པ་བྱེད་མཁན་ཚོའང་སྤོབས་པ་བྱེད་རྒྱུ་དང་། རོགས་པ་བྱེད་ས་དེ་ཡང་ང་ཚོར་དཀའ་ངལ་འཕྲད་སྐབས་བལྟ་ས་ཞིག་ཡོད་བསམས་པ། གང་ལྟར་གཅིག་ཕན་གཅིག་གྲོགས་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད། ཁྱེད་རང་ཚོས་འདིའི་ཆེད་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གཞོན་ནུའི་ཚོགས་གཙོས་ངར་སྐད་ཆ་ཚིག་ཁ་ཤས་བཤད་དགོས་རེད་ཅེས་གསུངས་སོང་། ཁྱེད་ཚོ་ཚང་མས་མཁྱེན་གསལ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་མང་ཞིག་འགྲོ་གི་ཡོད། དེའི་ནང་ནས་རྒན་རབས་མང་པོ་ཞིག་གིས་སྐུ་ལས་བསྐྱོན་ནས་གང་ལྟར་མི་རབས་ནས་མི་རབས། མི་ཐོག་ནས་མི་ཐོག་དཀའ་ལས་བརྒྱབ་སྟེ། ད་ལྟའི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ཚགས་ཚུད་ཅིག་ཆགས་ཐུབ་ཡོད།
འོན་ཀྱང་སྐབས་རེ་སྒྲིག་འཛུགས་ལས་གང་ཟག་གལ་ཆེ་བ་ཆགས་ནས་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་ཆེ་མཐོང་གི་ཐོག་གནོད་སྐྱོན་ཤུགས་ཆེ་བྱུང་ཡོད། འདས་པའི་ལོ་བཅུའི་ནང་ང་ཚོས་འདི་དག་མཐོང་བ་རེད། ད་ལྟའི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འདས་པའི་ལོ་བཅུའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་མ་འགྲིག་པའི་གནད་དོན་ཆ་ཚང་ཞིག་ཞུས་པའི་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡི་གེ་ཞིག་འབྱོར་བྱུང་། ཡི་གེ་གཞན་ག་ཚོད་བཏང་ཡོད་མེད་ངས་ཤེས་ཀྱི་མེད། ཡི་གེ་དེའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ད་ལྟའི་སྐབས་ལས་དོན་གང་བྱེད་ཀྱང་རང་བཙན་གྱི་ཐོག་འཐབ་རྩོད་མུ་མཐུད་བྱེད་རྒྱུ་ཡིན། འོན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་མ་འགལ་བ་ཞིག་དང་། བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་མ་བཅག་རྒྱུ། བོད་དོན་ཞི་འགྲིག་བྱུང་སྐབས་རང་བཙན་རྩོད་མ་དགོས་པའི་གནས་སྟངས་སྐོར་ངས་ཚིག་ཇི་མ་ཇི་བཞིན་དྲན་གྱི་མི་འདུག་སྟེ་ནང་དོན་འདི་ལྟར་ཡོད་པའི་ཡི་གེ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབྱོར་བྱུང་། མ་ཤེས་པའི་དབང་གི་སྐྱོན་བྱུང་ན་དུས་ནས་དུས་སུ་སློབ་སྟོན་དང་ལམ་སྟོན་གནང་རོགས་ཞེས་ཡི་གེ་འབྱོར་བྱུང་།
དེར་བརྟེན་འདི་ས་གནས་ཚང་མས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དགོངས་པ་བཞེས་ཕྱོགས་གང་ཡིན་མིན་ས་གནས་ཀྱི་གོ་བརྡ་འཕྲོད་ཡོད་ཤག་རྩིས་པའི་ཐོག བར་ལམ་ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་མང་པོ་བྱུང་བ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་སྐྱོད་བཞིན་ཡོད་པ་སྨྲོས་མེད་རེད། ང་ཚོའི་སྤྱི་ཚོགས་ནང་གང་ཟག་སྒེར་པ་སོ་སོའི་རྣམ་དཔྱོད་དང་ལྟ་བ་གང་འཛིན་ཡང་འཛིན་ཆོག་པའི་རང་དབང་ཡོད། གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཤིག་གི་ངོས་ནས་སོ་སོའི་ལངས་ཕྱོགས། ལྟ་བ། ལས་དོན་བྱེད་ཕྱོགས་གང་སྤྱིའི་ཐོག་ནས་ཐུན་མོང་མ་ཡིན་པ་ཡོད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཞེས་པ་དེ་ང་ཚོ་བོད་ཕྱི་ནང་གཉིས་ཀྱི་སྐུ་ཚབ་མཚོན་དགོས་ཀྱི་ཡོད་སྟབས། གནད་དོན་གང་འདྲ་ཞིག་ཡིན་རུང་འཕྲལ་ཕུགས་རྒྱང་གསུམ་གྱི་ཐོག་བསམ་བློ་བཏང་སྟེ་བྱེད་དགོས་ཀྱི་ཡོད་རེད་མ་གཏོགས། སེམས་ཀྱི་ཚོར་བ་ཙམ་གྱི་ང་ཚོས་ལས་དོན་སྒྲུབ་ན་མ་འོངས་པར་ལོ་རྒྱུས་ཀྱི་ཐོག་ང་ཚོར་ནག་ཉེས་ཆེན་པོ་ཕོག་རྒྱུའི་ཉེན་ཁ་ཡོད།
ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་མགོན་པོ་གང་ཉིད་མཆོག་གིས་བཙན་བྱོལ་དུ་མ་ཕེབས་གོང་དང་བཙན་བྱོལ་དུ་ཕེབས་རྗེས། འཛམ་གླི་སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་ནག་གི་གནས་བབ། བོད་ནང་གི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་པ་སོགས་གནས་སྟངས་མང་པོར་གཞི་བཅོལ་ཏེ་དགོངས་པས་གྲུབ་པ་ཞིག་རེད། ས་བོན་དེ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཏབ་པ་རེད། རྒྱུན་འཛིན་བྱེད་རྒྱུ་དེ་ཁྱེད་རང་ཚོ་མི་མང་གིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་བྱས་ཏེ་སྤྱི་མོས་ཀྱིས་གཏན་པ་ཕབ་པ་ཞིག་རེད། ང་རང་ཚོ་བོད་མི་ཚང་མས་འདིར་བརྩི་བཀུར་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།།