༢༠༡༣ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༤ ནེལ་སོན་མན་ཌེ་ལ་བསྟི་གནས་ཁང་དང་ (The Nelson Mandela Foundation) རྒྱལ་སྤྱིའི་ཞི་བདེའི་བསྟི་གནས་ཁང་ཟུང་འབྲེལ་གྱི་གོ་སྒྲིག་ཞུས་ཐོག་༸གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་མཆོག ཨར་ལན་གྱི་སྲིད་འཛིན་ཟུར་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཟུར་པ། དབྱིན་ཡུལ་གྱི་ཚོང་པ་གྲགས་ཅན་རི་ཆ་བྷ་རན་སན་མཆོག་བཅས་དྲ་ལམ་ཐོག་ཆེད་དུ་གདན་ཞུ་ཕུལ་ཏེ་སྐུ་གཤེགས་དམ་པ་མན་ཌེ་ལ་མཆོག་ལ་རྗེས་དྲན་གུས་འདུད་ཆེད་ཞི་བདེའི་སྐོར་དྲ་ཐོག་བགྲོ་གླེང་མཛད་འདུག
དེ་ཡང་ཨ་རིའི་སི་ཨན་ཨན་གསར་ཁང་གི་གསར་འགོད་པ་སྐུ་ཞབ་ཨན་ཌ་སིང་ལགས་ཀྱིས་གཙོ་སྐྱོང་གནང་བའི་དུས་ཡུན་ཆུ་ཚོད་ཕྱེད་ཀའི་རིང་གི་ལས་རིམ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཁོང་རྣམ་པས་སྐུ་གཤེགས་དམ་པ་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་གི་བཟོད་བསྲན་དང་འཚེ་བ་མེད་པ། དེ་བཞིན་དྲང་བདེན་དང་འདུམ་འགྲིག་གི་སྙིང་སྟོབས་སོགས་བྱས་རྗེས་ཁག་ལ་ཡིད་སྨོན་བསྔགས་བརྗོད་གནང་འདུག སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་གསལ། དམ་པ་ཁོང་ད་ལྟ་ང་ཚོ་དང་བྲལ་མཚམས་འདིར་སེམས་སྐྱོ་ནས་བསྡད་ན་ཕན་ཐོགས་གང་ཡང་མེད། དེ་ལས་གལ་ཆེ་བ་ཞིག་ཁོང་ལ་ཡི་རང་ཞུ་མཁན་ཚང་མའི་ངོས་ནས་དམ་པ་དེ་ཉིད་ཀྱི་འཚེ་བ་མེད་པའི་སྙིང་སྟོབས་གསོན་པོར་གནས་རྒྱུར་རྒྱུན་འཛིན་བྱ་རྒྱུ་འགན་འཁྲི་ཡོད་པ་མ་ཟད། མི་རབས་གཞོན་པ་ཚོར་ལམ་སྟོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་དང། སྐབས་དེར་ལས་རིམ་གཙོ་སྐྱོང་བས་ནེལ་སོན་མན་ཌེ་ལ་མཆོག་གིས་གཉའ་གནོན་གཏོང་མཁན་ཚོར་བཟོད་བསྲན་ཤུགས་ཆེ་གནང་ཡོད་པ་ཡོངས་གྲགས་ལྟར། དེ་ལྟ’བུའི་བཟོད་བསྲན་ཞིག་གང་ནས་བྱུང་གི་ཡོད་དམ། ང་ཚོའི་མི་ཚེའི་ནང་དེ་ལྟར་ལག་ལེན་བསྟར་ཐུབ་བམ་ཞེས་པའི་དྲི་བར་མགོན་པོ་གང་ཉིད་མཆོག་གིས་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་དང་མ་ཧཱ་ཏྨ་གྷན་དྷཱི་ཇི་མཆོག ཆོས་དཔོན་ཊུ་ཊུ་མཆོག མཱ་ཊིན་ལུ་ཐར་ཀིང་མཆོག་བཅས་ཀྱི་བྱས་རྗེས་ལུང་འདྲེན་མཛད་པ་དང་སྦྲགས་བཀའ་ལན་ཕེབས་དོན། སྤྱིར་བཏང་ང་ཚོའི་མི་འཚེ་འདི་ཐོག་མར་འགོ་འཛུགས་སྐབས་མ་ཡི་མངའ་ལས་སྐྱེས་པ་དང་།
དེ་རྗེས་མའི་ནུ་ཞོ་དང་བྱམས་བརྩེ་འོག་རིམ་བཞིན་འཚར་ལོངས་བྱུང་ཡོད། ཕ་མ་གཉིས་དང་དེའི་ནང་ནས་མའི་བྱམས་བརྩེ་དེ་ང་ཚོའི་ཁྲག་ནང་ཐིམས་ཡོད་པ་རེད་སྙམ་བཞིན་ཡོད། དེར་བརྟེན་འགྲོ་བ་སྤྱི་ཙམ་མ་ཟད། མཐའ་ན་དུད་འགྲོ་ཚུན་ཚད་ནས་རང་ཉིད་ཀྱི་མ་ལས་བྱུང་བའི་བྱམས་བརྩེ་དེ་གཞན་ལ་སྟེར་ཐུབ་རྒྱུའི་ནུས་པ་ཡོད། ང་ཚོ་ཚང་མར་སྐུ་གཤེགས་ནེལ་སོན་མན་ཌེ་ལ་མཆོག་ལྟར་བཟོད་བསྲན་ཉམས་ལེན་བྱ་རྒྱུའི་ནུས་པ་ལྡན་ཡོད། ལྷག་པར་ཁོང་ནི་ཡི་ཤུ་ཆོས་ཉམས་ལེན་གནང་མཁན་ཞིག་ཆགས་ཀྱི་ཡོད་སྟབས། ཆོས་ལུགས་ཚང་མའི་ནང་བྱམས་བརྩེའི་བསླབ་བྱ་བསྟན་ཡོད། ངོས་ཀྱིས་བསམས་པར་ནེལ་སོན་མན་ཌེ་ལ་མཆོག་གིས་ཆབ་སྲིད་ཀྱི་འཐབ་རྩོད་ནང་བྱམས་བརྩེ་སོགས་ནང་གཤིས་རྒྱུད་ཀྱི་ཡོན་ཏན་དེ་དག་ཡིད་ཆེས་གཏན་པོས་མཇུག་སྐྱོང་གནང་ཡོད། ཅེས་བཀའ་ལན་སྩལ་ཡོད། །