༢༠༡༣ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ནང་བོད་ནས་གསར་དུ་ཕེབས་པའི་བོད་རིགས་སྐྱབས་བཅོལ་ལག་དེབ་ནང་ (གནས་བསྐོར་) འཁོད་པ་རྣམས་ལ་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་རྒྱུར་རྒྱ་གར་གཞུང་ནས་གོ་སྐབས་གནང་སོན་གྱིས་མང་པོ་ཞིག་དུས་འགྱངས་བཀའ་འཁྲོལ་ཞུས་ཐོབ་བྱུང་ཡོད་ཀྱང་། སྐབས་དེར་མི་གྲངས་ ༩༠ སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་བར་ཀང་ར་ས་གནས་སྐོར་སྲུང་ལས་ཁུངས་སུ་སླེབས་འབྱོར་བྱུང་མེད་པ་རྣམས་ཀྱི་ཆེད་དུ་འདི་ག་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་རྒྱ་གར་དབུས་གཞུང་ལ་སླར་ཡང་འབོད་བསྐུལ་རིམ་པར་ཞུས་འབྲས་སུ་བོད་མི་སྤྱི་མཚུངས་ལྟར་གོང་གསལ་མི་གྲངས་ ༩༠ ལ་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཞུ་རྒྱུར་གོ་སྐབས་མཐའ་མ་གནང་སོན་བྱུང་སོང་བ་དང་། དེ་ཡང་ཕྱི་ཟླ་ ༡༢ ནང་ཚུད་དུས་འགྱངས་ངེས་པར་ཞུ་དགོས་ཀྱི་འདུག་པས། འབྲེལ་ཡོད་རྣམས་ས་གནས་གང་དུ་ཡོད་ཀྱང་རང་དོན་རང་གཅེས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣༡ སྔོན་ལ་དྷ་ས་མེག་གྷན་བདེ་སྲུང་ཡན་ལག་ལས་ཁུངས་སུ་ངོ་བཅར་དགོས་པ་ཞུ་རྒྱུ་བཅས། བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༩ ཉིན་ལ།