༢༠༡༣ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། ། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་བོད་མི་དང་ཨུ་རུ་སུ་ Russia ནང་པ། བོད་དོན་རྒྱབ་སྐྱོར་བ། བོད་མིའི་གྲོགས་པོ་བཅས་ཀྱིས་རྒྱལ་ས་མོ་སི་ཁོར་ Moscow འདུ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༤ ཕྱིན་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་མཛད་སྒོ་དེ་བཞིན་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་སྐུ་ཚབ་དོན་ཁང་། བླ་མ་ཙོང་ཁ་པའི་ཆོས་ཚོགས། བོད་ཁང་བཅས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག མཛད་སྒོའི་ཐོག་མར་ཙོང་ཁ་པའི་ཆོས་ཚོགས་ཀྱི་དགེ་བཤེས་བྱམས་པ་འཕྲིན་ལས་ལགས་ཀྱིས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་གསུང་འདོན་གནང་། དེ་རྗེས་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་དུས་ཆེན་ངོ་སྤྲོད་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་གལ་ཆེ་གསུམ་ཡོད་པ་རྣམས་གསལ་བཤད་གནང་ཡོད་པ་མ་ཟད། བཀའ་ཤག་གི་མཛད་སྒོ་དང་འབྲེལ་བའི་གསུང་བཤད་ཨུ་རུའི་སྐད་ཡིག་ཐོག་སྒྲོགས་སྦྱང་གནང་། དེ་རྗེས་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་གཞོན་པ་ལྕམ་སྐུ་ནདྱ་བྷར་ཀེམ་ཇམ་ Mrs. Nadya Berkengeym ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་བ་མ་ཟད། ཨུ་རུ་སུ་དང་ཁལ་མུག་བཅས་ཀྱི་གཞས་པ་ཁག་གཅིག་གིས་༸གོང་ས་མཆོག་ལ་བསྟོད་གླུ་རྩོམ་སྒྲིག་གནང་བ་རྣམས་མང་ཚོགས་ལ་འཁྲབ་སྟོན་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་སྲུང་བརྩི་ཞུས་ཡོད།