༢༠༡༣ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་ཉིན་ཞབས་ལོ་ ༢༥ འཁོར་བའི་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་ལས་བྱེད་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།
༡)དབུས་གངས་སྐྱིད་ཡན་ལག་སྨན་པ་འགན་འཛིན་ཟླ་བ་ཆོས་སྒྲོན་༼ཟླ་ཆོས་༽ལགས་ནི།
སྨན་རྩིས་ཁང་གི་སྨན་སློབ་སྐབས་ལྔ་པའི་ཁོངས་སུ་སློབ་ཐོན་གྱིས་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༡ ནས་ཐོག་མར་ཉམས་ཞིབ་དང་། དེ་ནས་གངས་སྐྱིད་ཡན་ལག་སྨན་ཁང་། ནད་གསོ་ཁང་གི་སྨན་པའི་ལས་འཁུར་ཞུས། སྐབས་དེར་སྨན་པ་ཉུང་སྐྱོན་ལྡི་ལི་དང་། སྦུབ་ནེ་ཤི་ཝར་ཡན་ལག་ཁག་གི་སྨན་པའི་ལས་ཚབ་ཏུ་ཕྱོགས་ཕེབས་ཀྱང་ཞུས། ཕྱི་ལོ་ ༡༩༩༠ ཟླ་ ༤ ཚེས་ ༡ ནས་གངས་སྐྱིད་ཡན་ལག་སྨན་ཁང་དང་དབུས་ཀྱི་ནད་གསོ་ཁང་གི་སྨན་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༡༠ ཚེས་ ༡ ནས་གངས་སྐྱིད་ཡན་ལག་སྨན་ཁང་དང་ནད་གསོ་ཁང་གི་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ དང་ ༩༣ ལོར་སྐུའི་བླ་སྨན་དམ་པ་བསྟན་འཛིན་ཆོས་གྲགས་ལགས་དང་ལྷན་འཇར་མན་དང་སུད་སིར་བོད་སྨན་ངོ་སྤྲོད་དང་སྨན་སྐོར་དུ་བསྐྱོད། ཕྱི་ལོ་ ༡༩༩༤ ལོར་པོ་ལེན་ཌིར་ནད་པ་བརྟག་དཔྱད་སྨན་བཅོས་དང་བོད་སྨན་སྐོར་གསུང་བཤད་གནང་བར་བསྐྱོད། ཕྱི་ལོ་ ༡༩༩༧ དང་ ༩༨ ལོར་ཕ་རན་སི་དང་། སི་པན། དབྱིན་ཡུལ། སུད་སི། ཨོ་སི་ཊེ་རི་ཡ་བཅས་སུ་བོད་སྨན་ངོ་སྤྲོད་ཀྱི་འགྲེམས་སྟོན་དང་། ནད་པར་སྨན་བཅོས། དེ་བཞིན་ཕྱི་ལོ་ ༢༠༠༠ ལོར་ཀ་ཛག་ཀ་སི་ཐན་དུ་སྨན་སྐོར་དུ་བསྐྱོད། དབུས་བོད་མིའི་འཕྲོད་བསྟེན་ལས་ཁུངས་ནས་སྤེལ་བའི་རྡ་ནི་རྡ་ལས་གཞི་(Danida Poject) འོག་རྡ་ས་དང་། ལྡི་ལི། སྡེ་ར་ལྡུན། སྦེལ་ཀོབ་བཅས་སུ་སེམས་ཁམས་སློབ་གསོའི་ཟབ་འཁྲིད་གནང་བ་དང་། ཆབ་སྲིད་བཙོན་ཟུར་རྣམས་ཀྱི་འཕྲོད་བསྟེན་སྨན་བཅོས་ཞུས། བོད་སྨན་ལག་ལེན་ཐོག་ཕོ་སྨུག་ནད་གཞི་དང་། ཟ་ཁུ་གཅིན་སྣི་ཐོག་ཉམས་ཞིབ་སྨན་པའི་ལས་འཁུར་ཡང་ཞུས། བདེ་ལེགས་སྨན་ཁང་དུ་གློ་གཅོང་ཀྲི་སྦི་ནད་པ་རྣམས་ལ་བརྟག་དཔྱད་སྨན་སྐོར་ཞུས། རང་ཉིད་ནས་བོད་ཀྱི་གསོ་བ་རིག་པའི་ལག་ལེན་དང་སྦྱངས་པའི་གྲུབ་འབྲས་ཕྱི་ལོ་ ༡༩༩༩ ཟླ་ ༤ ཚེས་ ༡ ཉིན་སྨན་རམས་པ་ཆུང་བར་གནས་སྤར་བྱུང་། སྨན་རྩིས་ཁང་གི་སློབ་མ་མི་ཉུང་བར་ཉམས་གསོག་སློབ་འཁྲིད་གནང་སྟེ་མི་ལོ་ཧྲིལ་པོ་༢༥ རིང་སྨན་རྩིས་ཁང་དུ་བོད་ཀྱི་གསོ་རིག་བསྟན་པའི་ཞབས་འདེགས་བསྒྲུབས་ཡོད།
༢) རྡ་སྟེང་སྨན་རྩིས་ཡན་ལག་སྨན་ཁང་གི་སྨན་པ་འགན་འཛིན་སྨན་རམས་པ་ཡེ་ཤེས་རྡོ་རྗེ་ལགས་ནི།
སྐབས་ལྔ་པའི་སྨན་སློབ་ཁོངས་སུ་སློབ་ཐོན་གྱིས་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༡ ནས་ཐོག་མར་བྷན་རྡ་ར་ཡན་ལག་སྨན་ཁང་གསར་པའི་སྨན་པ་འགན་འཛིན་གྱི་ལས་འཁུར་ཞུས། ཡུལ་ལུང་གནས་བབ་ཞན་ཡང་གཞིས་ཆགས་དང་། གྲོང་གསེབ་ཁག་གི་ནད་པར་སྨན་བཅོས་དང་། རོགས་དངུལ་ཐབསའཚོལ་གྱིས་ཡན་ལག་སྨན་ཁང་དང་ལས་ཤག་གསར་རྒྱག་ཞུས། ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༢༦ ཉིན་མོན་གྷོ་གཞིས་གྲོང་གསུམ་པའི་ཡན་ལག་སྨན་ཁང་གི་སྨན་པ་དང་། ཕྱིས་སུ་དེ་གའི་འགན་འཛིན་སྨན་པའི་ལས་འཁུར་གནང་རིང་ཡན་ལག་སྨན་ཁང་གསར་རྒྱག་གི་རོགས་དངུལ་ཐབས་འཚོལ་ཞུས། ཕྱི་ལོ་་༢༠༠༡ ཟླ་ ༣ ཚེས་ ༡༨ ཉིན་རྡ་སྟེང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པར་གནས་སྤོས་གནང་། ལས་ཡུན་རིང་རང་ཉིད་ཀྱི་ཤེས་མྱོང་གོང་མཐོར་གཏོང་ཆེད་རྒྱུགས་འབུལ་ལེགས་སོན་བྱུང་བར་ཕྱི་ལོ་ ༡༩༩༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་ཆུང་བ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ནས་སྨན་རམས་པ་འབྲིང་བར་གནས་སྤར་གནང་། སྨན་རྩིས་ཁང་གི་སློབ་ཐོན་སྨན་པ་མི་ཉུང་བར་ཉམས་གསོག་སློབ་འཁྲིད་གནང་བ་དང་། སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ཨ་རི་དང་། ཕ་རན་སི། མེཀ་སི་ཁོ། ཧང་གྷེ་རི། འཇར་མན། སི་ཝི་ཌེན། ལཱཊ་ཝི་ཡ། ཀ་ཛ་ཀི་སི་ཐན། ཨུ་རུ་སུ། ཨོ་སི་ཊེ་རི་ཡ་བཅས་སུ་བརྟག་དཔྱད་སྨན་པ་དང་། བོད་སྨན་སྐོར་གཏམ་བཤད་གནང་བ་བཅས་ད་བར་མི་ལོ་ཧྲིལ་པོ་༢༥ རིང་སྨན་རྩིས་ཁང་ལ་ཞབས་འདེགས་བསྒྲུབས་ཡོད།
༣༽སྨན་མཛོད་སྨན་སྤྲོད་བདེ་སྐྱིད་སྒྲོལ་དཀར་ལགས་ནི།
ཕྱི་ལོ་ ༡༩༨༨ ཟླ་ ༩ ཚེས་ ༡ སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ཨག་གླིང་ཡན་ལག་སྨན་ཁང་གི་རྩིས་པ་དང་། ཕྱི་ལོ་ ༡༩༩༠ ཟླ་ ༡༠ ཚེས་ ༡ ནས་ཅོག་ལམ་སར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༡༥ ནས་སླར་ཡང་ཨག་གླིང་ཡན་ལག་སྨན་ཁང་གི་སྨན་སྤྲོད་དང་རྩིས་པ་གཅིག་ལྕོགས་སུ་གནས་སྤོས་བཏང་། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡ ནས་ཨག་གླིང་ཡན་ལག་སྨན་ཁང་ཅོག་ལམ་སར་ཡན་ལག་སྨན་ཁང་དུ་ཟླ་སྒྲིལ་དང་བསྟུན་ཅོག་ལམ་སར་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ནས་དབུས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་དུ་སྨན་སྤྲོད་པའི་ལས་གནས་སུ་གནས་སྤོས་བཀོད་སྒྲིག་ཐོག་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་ལ་ཞབས་འདེགས་བསྒྲུབས་ཡོད།
༤༽ སྨན་སྦྱོར་ལས་བྱེད་དཔལ་འབྱོར་ལགས་ནི།
ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༧ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་སྨན་སྦྱོར་ཁང་གི་ལས་བྱེད་ཁོངས་སུ་ལས་བཀོད་དང་། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡ ནས་སྨན་རྩིས་ཁང་གི་སྤྱི་ཐབ་གཉེར་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༢༥ ཉིན་སླར་ཡང་སྨན་སྦྱོར་ཁང་དུ་ལས་བཀོད་ཀྱིས་མཛོད་གཉེར་གྱི་ལས་འཁུར་བླངས་ནས་འཛིན་ཆས་བདག་ཉར་ཙམ་མ་ཟད། འཚེམ་བུ་བརྒྱབ་པ་སོགས་ལས་རིགས་སྣ་ཚོགས་ཀྱི་འགན་འཁུར་ཡོད། ལས་ཡུན་རིང་སྨན་རྩིས་ཁང་གི་ལས་བྱེད་བདེ་དོན་ཚོགས་ཆུང་སྐབས་དང་པོ་དང་། བཞི་པ་གཉིས་ཀྱི་ལས་འཁུར་འཐུས་གཙང་ཞུས་ཏེ་མི་ལོ་ཧྲིལ་པོ་ ༢༥་རིང་སྨན་རྩིས་ཁང་ལ་ཞབས་འདེགས་བསྒྲུབས་ཡོད།