༢༠༡༣ ཟླ་ ༡༢ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༤ འཁོར་བའི་དུས་དྲན་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་མཛད་སྒོ་དེ་བཞིན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ རེས་གཟའ་མིག་དམར་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་དབུས་ཕྱག་སྦྲེལ་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་ཕྱག་སྦྲེལ་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། རྒྱ་གར་དང་བོད་རིགས་གསར་འགོད་པ།
དེ་བཞིན་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་སོགས་ཁྱོན་མི་གྲངས་སུམ་སྟོང་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེངས་འཛུགས་གནང་། དེ་རྗེས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་བཏང་མཁན་རྣམས་ཀྱིས་གཙོས་བོད་ཀྱི་རྒྱལ་གཅེས་པ་ཕོ་མོ་ཡོངས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས།
བོད་ཀྱི་ཟློས་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ་ཡོད། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ལས་བྱེད་བགྲེས་ཡོལ་ཐོན་པ་དྲུང་ཆེ་ཟུར་པ་བཀྲིས་ལགས་དང་། ཟུང་དྲུང་ཟུར་པ་ཚེ་གསུམ་ལྷ་མོ་ལགས། དྲུང་གཞོན་ཟུར་པ་བྱམས་པ་རྒྱལ་མཚན་ལགས། དྲུང་ལས་ཟུར་པ་ཡེ་ཤེས་ཆོས་སྒྲོན་ལགས་བཅས་ལ་སྲིད་སྐྱོང་མཆོག་གིས་གཟེངས་བསྟོད་ལེགས་སྐྱེས་དང་ཕྱག་འཁྱེར་གནང་།
དེ་ནས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་པ་གངས་སྐྱིད་ཡན་ལག་སྨན་པའི་འགན་འཛིན་ཟླ་བ་ཆོས་སྒྲོན་ལགས་དང་། རྡ་སྟེང་སྨན་རྩིས་ཡན་ལག་སྨན་པའི་འགན་འཛིན་སྨན་རམས་པ་ཡེ་ཤེས་རྡོ་རྗེ་ལགས། སྨན་སྦྱོར་ལས་བྱེད་དཔལ་འབྱོར་ལགས། སྨན་མཛོད་སྨན་སྤྲོད་བདེ་སྐྱིད་སྒྲོལ་དཀར་ལགས་བཅས་ལ་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ལེགས་མཚོན་བྱ་དགའ་གནང་གྲུབ་བསྟུན།
དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཁྱབ་ཁོངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་གིས་འདོན་སྤེལ་གནང་བ་༼དོལ་རྒྱལ་སྐོར་ལམ་སྟོན་བཀའ་སློབ་གསུམ་པ་དང་། ཆོས་ཚོགས་ཁག་གི་ལམ་སྟོན་བཀའ་སློབ་དང་པོ་དང་གཉིས་པ། ནང་ཆོས་ངོ་སྤྲོད་སེམས་ཀྱི་དཔལ་ཡོན། སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག གསར་བྱུང་དངོས་ལུགས་དང་འཇིག་རྟེ་ཆགས་རིག༽ བཅས་ཕྱག་དེབ་ཁག་དྲུག་ལྷན་ཅིག་ཏུ་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་།
དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ཕྱི་ལོ་ ༢༠༡༣ ནང་ཉམས་ཞིབ་ཀྱིས་གསར་རྩོམ་གནང་བའི་རྐང་བྲོ་གླུ་གཞས་ཀྱི་འོད་སྡེར་༼དབྱར་སྐྱིད། ༢༠༡༣༽ ཅེས་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུ་འབྱེད་གནང་གྲུབ་མཚམས། བོད་ཀྱི་བུད་མེད་ལྷན་ཚོགས་ནས་འདོན་སྤེལ་ཞུས་པའི་དབྱིན་ཡིག་ཐོག་ཉམས་ཞིབ་དཔེ་དེབ་༼བོད་ནང་གི་བུད་མེད་ཀྱི་གནས་བབ།༽ཅེས་པ་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུ་འབྱེད་གནང་། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་རྗེས། སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་།
དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་༼སྟོད་ཀྱི་སྒོར་གཞས།༽ཞེས་པ་དང་། མེས་དབོན་དཔེ་སྟོན་སློབ་གྲྭས་༼རྩ་རིའི་ཡུལ་གཞས་བསྟན་པའི་རྒྱན།༽ཞེས་པ། ཐང་སྟོང་གླུ་གར་གྱིས་༼བུ་མོ་སྒྲ་སྙན་ཞབས་བྲོ།༽ ཞེས་པ། ཡོངས་གླིང་སློབ་གྲས་༼མཛེས་པའི་རླབས་ཕྲེང་།༽ ཞེས་པ། དེ་བཞིན་བོད་ཁྱིམ་ཉིན་སློབ་ཀྱིས་ལྷོ་བྲག་གི་འཁྲབ་གཞས་༼མཁར་ཆུ་གསེར་གྱི་རི།༽ཞེས་པ་འཁྲབ་སྟོན་གནང་རྗེས་མཛད་སྒོ་གྲོལ་ཡོད་པ་བཅས།།